༢༠༡༢ ཟླ་ ༡༠ ཚེས་ ༢༧ རེས་གཟའ་སྤེན་པ།
༄༅། །བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༦ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༨ ཙམ་ལ་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་། གསེར་ཁྲི་སྡེ་བའི་མགོན་པོ་སྐྱབས་ཚང་གི་མག་པ་རང་ལོ་ ༢༣ ཡིན་པའི་ཐུབ་དབང་སྐྱབས་ལགས་ཀྱིས། བསང་ཁོག་ཞང་ཀུང་ཧྲེ་རྙིང་པའི་རླངས་འཁོར་འབབ་ཚིགས་སུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་ཡོད། དེ་རྗེས་མི་མང་ཚོས་ཁོང་གི་སྐུ་ཕུང་གསེར་ཁྲི་སྡེ་བའི་ནང་འཁྱེར་ཡོད།
རང་ལུས་མེར་བསྲེགས་གནང་མཁན་ཐུབ་དབང་སྐྱབས་ལགས་ནི། རུ་མིང་སྡེ་བའི་ཀླུ་མོ་བྱམས་ཀྱི་བུ་ཡིན་པ་དང་། རྗེས་སུ་གསེར་ཁྲི་སྡེ་བའི་མགོན་པོ་སྐྱབས་ཚང་དུ་མག་པར་ཕྱིན་ཡོད་ལ། ཁོང་གི་བཟའ་ཟླའི་མིང་ལ་རྡོ་རྗེ་སྒྲོལ་མ་འབོད་ཀྱི་ཡོད་འདུག་པ་བཅས།།