༢༠༡༢ ཟླ་ ༡༠ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༨ ནས་ ༡༩ བར་རྒྱ་གར་ལྷོ་ཕྱོགས་ཧེ་ཌར་བྷ་དིའི་ Hyderabad གྲོང་ཁྱེར་དུ་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ COP11 summit ཞེས་པ་ཚོགས་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་ཚེ་རིང་དོན་གྲུབ་ལགས་དང་ཆོས་སྐྱིད་ལགས་གཉིས་ཀྱིས་མཉམ་ཞུགས་གནང་ཡོད། ལྷན་ཚོགས་སྐབས་རྒྱལ་ཁབ་ཁྱོན་ ༡༧༠ སྐུ་ཚབ་འཐུས་མི་ཕེབས་ཡོད་པ་དང། བགྲོ་གླེང་གི་བརྗོད་གཞི་གཙོ་བོ་གོ་ལའི་སྣོད་བཅུད་དང་འབྲེལ་བའི་སྐྱེ་དངོས་སྲོག་ཆགས་ Convention on Biological Diversity སྣ་མང་སྲུང་སྐྱོབ་བྱ་རྒྱུའི་སྐོར་ཡིན་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཁོར་ཡུག་ཉམས་ཞིབ་པ་གཉིས་ཀྱིས་བོད་ནང་གི་སྐྱེ་དངོས་སྣ་མང་རིགས་སྲུང་སྐྱོབ་ཆེད། ལྷན་ཚོགས་སུ་མཉམ་ཞུགས་གནང་མཁན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ལ་འབོད་སྐུལ་ནན་པོ་ཞུས་ཡོད། དེ་ཡང་ཉམས་ཞིབ་པ་ཁོང་གཉིས་ཀྱིས་སྐབས་དེར་མཐོ་སྒང་བོད་ཀྱི་སྐྱེ་དངོས་སྣ་མང་སྐོར་གསལ་བཤད་བྱེད་སྐབས། མཐོ་སྒང་བོད་ཀྱི་ས་ཁུལ་དུ་ཤིང་སྣ་འདྲ་མིན་ཡོད་པ་མ་ཟད། བྱ་རིགས་མི་འདྲ་བ་ ༥༣༢ ཡོད་པ་དང། གཏེར་རིགས་མི་འདྲ་བ་ ༡༣༢ ཡོད་པ་སོགས་གསལ་བཤད་གནང་འདུག
ཕྱོགས་མཚུངས་ལྷན་ཚོགས་སྐབས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་མཁན་གྱི་ཚོགས་པ་ཨར་ཊི་སི་སི་ (RTCC Pavillion ) Response To Climate Change ཞེས་པའི་བརྙན་འཕྲིན་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ཉམས་ཞིབ་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་མཐོ་སྒང་བོད་ཀྱི་སྐྱེ་དངོས་སྣ་མང་རྣམས་ལ་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་རྒྱ་ནག་གཞུང་གི་ལས་འཆར་འདྲ་མིན་འོག་ཉེན་ཁ་འཕྲད་བཞིན་ཡོད་པ་དེ་དག་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་གསལ་བཤད་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་མཐོ་སྒང་བོད་ཀྱི་ས་ཁུལ་དུ་གང་བྱུང་གཏེར་ཁ་རྔོག་འདོན་བྱས་པ་དང། བོད་ཀྱི་རྒྱུག་ཆུ་རྣམས་ལ་ཆུ་མཛོད་རྒྱག་པ། བོད་ཀྱི་ཤིང་སྣ་གང་བྱུང་གཅོད་བྲེག་བྱས་པ་སོགས་ཀྱིས་བོད་ཀྱི་སྣོད་བཅུད་ལ་ཧ་ཅང་གནོད་ཚབས་ཆེན་པོ་བཟོ་བཞིན་ཡོད་སྐོར་གསལ་བཤད་གནང་ཡོད། གཞན་ཡང་ཁོང་གཉིས་ཀྱིས་ཀོ་རི་ཡའི་སྐུ་ཚབ་འཐུས་མི་སྐུ་ཞབས་ཧོན་ཡང་ཅུང་ Mr Hyun-Hong Chung མཆོག་དང་ཐུག་འཕྲད་གནང་སྟེ་བོད་ནང་གི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པའི་གནས་སྟངས་སྐོར་ཞིབ་ཕྲ་ངོ་་སྤྲོད་གནང་ཐུབ་ཡོད། སྤྱིར་ཉམས་ཞིབ་པ་ཁོང་གཉིས་ཀྱིས་ལྷན་ཚོགས་མ་ཚུགས་པའི་ཉིན་གཅིག་གི་སྔོན་དུ་ས་གནས་སུ་སློབ་སྦྱོང་གནང་བཞིན་པའི་བོད་རིགས་གཞོན་སྐྱེས་སློབ་མ་རྣམས་ལ་བོད་ཀྱི་ཁོར་ཡུག་སྐོར་གོ་རྟོགས་སྤེལ་ཡོད་པ་བཅས།།