༢༠༡༢ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ལྷག་པ།
༅༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༤ ཉིན་བཞུགས་སྒར་རྡ་སའི་དབུས་སྣེ་ལེན་ཁང་རྙིང་པར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་མོམ་བྷེ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ (Techno Serve) ཞེས་པའི་ཚོགས་པ་གཉིས་མཉམ་འབྲེལ་ཐོག་བོད་མི་གཞོན་སྐྱེས་ཚོའི་ཆེད་མདུན་ལམ་སློབ་སྟོན་བསྟི་གནས་ཁང་ཞིག་དབུ་འབྱེད་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ནང་སྲིད་ལས་ཁུངས་ཀྱི་གཞོན་སྐྱེས་མདུན་ལམ་སློབ་སྟོན་པའི་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ཚེ་རིང་ལགས་དང་། མོམ་བྷེ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ (Techno Serve)ཞེས་པའི་ཚོགས་པའི་སྐུ་ཚབ་ (Ashwath Muralidharan) ལགས། རྡ་སའི་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས། འབྲེལ་ཡོད་ལས་བྱེད་དང་ཚོགས་པ་ཁག་གི་སྐུ་ཚབ། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠ བརྒལ་ལྷན་འཛོམས་ཐོག་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ཚེ་རིང་ལགས་ཀྱིས་མདུན་ལམ་སློབ་སྟོན་ཁང་འདིའི་དགོས་དམིགས་ངོ་སྤྲོད་གནང་དོན། དེ་རིང་འདི་གར་མདུན་ལམ་སློབ་སྟོན་ཁང་ཞིག་དང་གློག་ཀླད་སྦྱོང་བརྡར་ཁང་ཞིག་མཉམ་དུ་དབུ་འབྱེད་ཞུ་གི་ཡོད། མདུན་ལམ་སློབ་སྟོན་པའི་ལས་གཞི་འདི་ནི་བཀའ་ཤག་སྐབས་བཅུ་བཞི་པའི་གལ་ཆེན་དགོངས་བཞེས་དང་། བཀའ་ཤག་སྐབས་བཅུ་བཞི་པས་ཐུགས་འགན་བཞེས་ཏེ་ལོ་གཅིག་འཁོར་བའི་གསུང་བཤད་ནང་།
ད་བར་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་མཐོང་རྒྱུ་ཡོད་པ་དེ་དག་མི་རབས་གོང་མ་ཚོའི་གཞིས་ཆགས་ཁག་ནང་གི་སྤྱི་མི་རྒྱ་དཔོན་དང་ཡིག་སྐྱེལ་གཞུང་ཞབས་སྐུ་བགྲེས་པ་ཚོས་ཕྱར་གྲུ་མཉམ་འདེགས་གནང་བ་ཞིག་ཡིན་པ་དང་། འབྱུང་འགྱུར་ང་ཚོའི་སྤྱི་ཚོགས་ཁ་ཕྱོགས་གང་དུ་སྐྱོད་མིན་དེ་གཞོན་སྐྱེས་ཚོར་རག་ལུས་ཡོད་པར་བརྟེན། ང་ཚོས་བློ་འཚབ་བྱེད་འོས་པ་ཞིག་ལ་མོམ་བྷེ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ (Techno Serve) ཁེ་ལས་ཀྱི་ཉེ་ཆར་བོད་མིའི་སྤྱི་ཚོགས་ནང་ཞིབ་འཇུག་བྱསཏེ་ཕྱི་ལོ་ ༢༠༡༠ ཟླ་ ༥ པའི་ནང་ཤོག་གྲངས་ ༢༠༩ བྱས་པའི་གྲུབ་འབྲས་ལས་བསྡོམས་ཤིག་ཨ་རིའི་བོད་ཀྱི་དགེ་རྩར་ཕུལ་ཡོད། དེའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞོན་སྐྱེས་ལས་མེད་བརྒྱ་ཆ་ ༦༡ ཙམ་ཡོད་པ་གསལ་བཞིན་ཡོད་པ་དེ་རྣམས་ལས་འབྱུང་་འགྱུར་རྒྱུར་བཀའ་ཤག་གིས་ཐུགས་འཁུར་ཆེ་བཞེས་ཐོག་ (Techno Serve )ཁེ་ལས་ཚོགས་པ་དང་ཟུང་འབྲེལ་གྱིས་ས་གནས་ས་ཐོག་ལ་མདུན་ལམ་སློབ་སྟོན་གྱི་ལས་གཞི་ཞིག་སྤེལ་ཏེ་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་དང་དོ་དབྱིངས་སླེབས་ཆེད་བོད་མི་འདུ་སྡོད་མང་བའི་ས་གནས་རྡ་ས་དང་། ལྡི་ལི། བདེ་སྐྱིད་གླིང་། ཨུ་རི་ས་ཕུན་ཚོགས་གླིང་། སྦེལ་ལོར། མོན་གྷོ། སྦེལ་ཀོབ། བལ་ཡུལ་སྤོག་ར་བཅས་སུ་འཛུགས་རྒྱུ་གཏན་འཁེལ་ཟིན་པའི་ངོ་སྤྲོད་གསུང་བཤད་གནང་ཡོད།
དེ་ནས་ (Techno Serve) ཁེ་ལས་ཚོགས་པའི་སྐུ་ཚབ་ (Ashwath Muralidharan) ལགས་ཀྱིས་གསུང་བཤད་གནང་དོན། ང་ཚོའི་ཚོགས་པ་ནི་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་དང་ཕུགས་བརྟན་ཆེད་ཁེ་ཚོང་མིན་པའི་ངོ་བོའི་ཐོག་གཞོན་སྐྱེས་སོ་སོར་དམིགས་ཡུལ་མེད་པ་ནས་ཡོད་པ་ངོས་འཛིན་ཐོབ་པ་བཟོས་ཏེ་ལས་རིགས་འདྲ་མིན་ནང་ཞུགས་རྒྱུར་དོ་དབྱིངས་ཀྱི་གོ་སྐབས་སྤྲོད་མཁན་ཚོགས་པ་ཞིག་ཡིན། བོད་མི་དང་ང་ཚོའི་ཚོགས་པའི་དབར་ལས་འཆར་མང་པོ་ཞིག་འགྲོ་བཞིན་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་རྡ་ས་ས་གནས་འགོ་འཛིན་གྱིས་རྡ་རམ་ས་ལར་གནས་སྡོད་བྱེད་བཞིན་པའི་གཞོན་སྐྱེས་ཀྱི་གནས་སྟངས་དང་ངོ་སྤྲོད་གནང་རྗེས་གསར་འགོད་པ་དང་དྲི་བ་དྲིས་ལན་གནང་སྟེ་མཛད་སྒོ་གྲོལ་ཡོད།
ད་ཐེངས་ན་གཞོན་མདུན་ལམ་སློབ་སྟོན་ཁང་འདི་ནས་གཞོན་སྐྱེས་ཚོ་དང་དངོས་སུ་ཐུག་སྟེ་བསམ་བློའི་ཐོག་སློབ་སྟོན་ཞུ་རྒྱུ་མ་ཟད། དེ་བཞིན་གློག་ཀླད་སྦྱོང་བརྡར་ཁང་འདིར་སློབ་སྦྱོང་གི་གོ་སྐབས་མཇུག་མ་འཁྱོངས་བ་དང་། མཐོ་རིམ་སློབ་གྲྭར་བསྐྱོད་ཀྱང་ལས་ཀའི་གོ་སྐབས་མ་ཐོབ་པའི་རྣམས་ཀྱི་ཆེད་མི་གྲངས་ ༢༢ ཞབས་སྟེགས་ཀྱི་མཐུན་རྐྱེན་བསྐྲུན་གནང་འདུག དྲ་རྒྱའི་ཁ་བྱང་ནི། www.tibet.jobeestan.com