༢༠༡༢ ཟླ་ ༡༠ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་བཞིན་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་མཇུག་བསྒྲིལ་རྗེས་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས༌ ༢༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་བྷན་དྷ་ར་ནོར་རྒྱས་གླིང་གཞིས་ཆགས་ཀྱི་ཉེ་འགྲམ་དུ་ཡོད་པའི་གྷོན་ཌི་ཡ་ Gondia District རྫོང་ཁོངས་ཀྱི་ཨར་ཇུ་ནི་མོར་ག་འོང་ཞེས་པའི་གྲོང་སྡེའི་ལས་ཁུངས་སུ་འབྱོར་ཡོད། སྐབས་དེར་བོད་མི་དང་རྒྱ་གར་ཡུལ་མི་བོད་དོན་རྒྱབ་སྐྱོར་བ་སོགས་འདུ་འཛོམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་བདེན་པའི་མེ་ལྕེ་བྷན་དྷ་ར་ནོར་རྒྱས་གླིང་གཞིས་ཆགས་སུ་སྐོར་བསྐྱོད་ཀྱི་ལས་འགུལ་འགོ་འཛུགས་གནང་ཆེད་ཐོག་མར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་སྟེ བོད་དོན་ཆེད་རང་སྲོད་དོར་བའི་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་སྐར་མ་གཅིག་རིང་ངག་བཅད་གནང། དེ་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཞབས་པི་ཀེ་ཀེ་སཱ་གར་ Shri. P.K Kshrisagar ལགས་ཀྱིས་གསུང་བཤད་གནང། སྐབས་དེར་བོད་ཨིན་སྐད་ཡིག་གཉིས་ཐོག་ནོར་རྒྱས་གླིང་ས་གནས་འགོ་འཛིན་གྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་གྱི་གསར་འགོད་གསལ་བསྒྲགས་ངོ་སྤྲོད་གནང་ཡོད། མཛད་སྒོ་གྲུབ་མཚམས་བོད་དོན་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་གནང་ཡོད།
དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་བཞིན་ནོར་རྒྱས་གླིང་གཞིས་ཆགས་སུ་འབྱོར་སྐབས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་འཇམ་དབྱངས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་། ཕྱི་ཚེས་ ༢༩ ཉིན་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྷན་དྷ་ར་རྫོང་དུ་འབྱོར་སྐབས་ཧིན་བོད་མཛའ་འབྲེལ་ཚོགས་པ་སོགས་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་མང་དག་ཅིག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་ཁུལ་དེའི་ས་གནས་དཔོན་རིགས་དང་བྷན་དྷ་ར་ས་གནས་བུད་མེད་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། དེ་རྗེས་གྲོང་ཁྱེར་ནཱག་པུར་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད་པ་བཅས།།