༢༠༡༢ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ལྷག་པའི་ཉིན་རྒྱ་གར་བྱང་ཕྱོགས་སྤོན་ཌ་ཆོལ་གསུམ་བོད་མིའི་གཞིས་ཆགས་ཀྱི་སམ་བྷོ་ཊ་སློབ་གྲྭས་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཉིན་མོ་ International Day of Climate Action སྲུང་བརྩི་ཞུས་ཡོད། སྐབས་དེར་ཕྱི་དྲིལ་ཁོར་ཡུག་ཚན་པའི་ཁོར་ཡུག་ཉམས་ཞིབ་པ་དྲུང་གཞོན་ཆོས་སྐྱིད་ལགས་ཀྱིས་མཐོ་སྒང་བོད་ཀྱི་ཁོར་ཡུག་སྐོར་སྤྱི་དང་། ལྷག་པར་གོ་ལའི་ཚ་དྲོད་རྒྱས་པའི་རྗེས་འབྲས་སུ་བོད་ཀྱི་འཁྱགས་རོམ་བཞུར་ཚད་ཆེ་རུ་འགྲོ་བཞིན་པ་དང། རྒྱ་ནག་གཞུང་གིས་བོད་ཀྱི་གཏེར་ཁ་ཚད་ལས་བརྒལ་བ་སྔོག་འདོན་བྱས་དང་བྱེད་བཞིན་པ་མ་ཟད། ཤིང་སྣ་གང་བྱུང་གཅོད་འབྲེག དེ་བཞིན་འབྲོག་པའི་རྩྭ་ཐང་སོགས་ལ་རྭ་བ་བསྐོར་ནས་འབྲོག་པ་སྐྱས་སྤོས་ཀྱི་ལམ་ལུགས་ལ་དམ་བསྒྲགས་བྱས་ཏེ་འབྲོག་པ་རྣམས་སྒོ་ཕྱུགས་བཙོངས་ནས་གཞིས་སྤོས་བྱེད་བཅུག་པ་སོགས་ལ་བརྟེན་ནས་རྩ་ཐང་ཉམས་ཆག་འགྲོ་བ་མ་ཟད། འབྲོག་པའི་འཚོ་བར་ཧ་ཅང་བརྡབ་གསིག་བཟོ་བཞིན་ཡོད་སྐོར་ཞིབ་ཕྲ་གསལ་བཤད་གནང་ཡོད། ཐེངས་འདིའི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཉིན་མོར་སློབ་ཕྲུག་རྣམས་ཀྱིས་ཤིང་སྣ་འདེབས་འཛུགས། ཁོར་ཡུག་དང་མཐུན་པའི་ནུས་ཤུགས་བེད་སྤྱོད་བྱ་རྒྱུ། དགོས་མེད་ཀྱིས་གློག་ཤུགས་འཕྲོ་བརླག་མ་གཏོང་རྒྱུ། གད་སྙིགས་བསྐྱར་དུ་བཀོལ་སྤྱོད་བྱ་རྒྱུ་སོགས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་རིགས་མང་དག་ཅིག་སྤེལ་རྒྱུའི་དམ་བཅའ་བཞག་ཡོད། དེ་ཉིན་ཁོར་ཡུག་གོ་རྟོགས་སྤེལ་རྒྱུའི་མཛད་སྒོའི་སྐབས་ཁམས་ཚན་འདྲ་མིན་སོ་སོའི་སློབ་ཕྲུག་རྣམས་ཀྱིས་ཁོར་ཡུག་གི་གནད་དོན་གལ་ཆེ་ཡིན་པའི་འཁྲབ་སྟོན་ཡང་གནང་ཡོད། མཛད་སྒོའི་མཐའ་མར་སློབ་སྤྱི་མིག་དམར་ཚེ་རིང་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།