༢༠༡༢ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་བཏང་གནས་འཁོད་དོན། ཕྱི་ཚེས་ ༢༤ ཉིན་གྱི་དགོང་དྲོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་གོ་སྒྲིག་ལྟར་རྡུལ་གཅིག་དང་ནི་རྡུལ་རྙེད་འཇིག་རྟེན་ཁམས་ཞེས་པའི་བརྗོད་གཞིའི་ཐོག་དོན་གཅོད་ཁང་གི་འཛིན་ཁང་དུ་ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་ཞིག་ཚོགས་ཡོད། ཐེངས་འདིའི་བགྲོ་གླེང་གནང་མཁན་གཙོ་བོ་ཐེ་ཝན་རྒྱལ་གཉེར་གཙུག་ལག་སློབ་ཆེན་གྱི་དངོས་ཁམས་དང་གནམ་རིག་དངོས་ཁམས་ཞིབ་འཇུག་ཚན་ཁག་གི་དགེ་རྒན་ཆེན་མོ་ཝུ་ཅུན་ཧུའེ་ལགས་ཀྱིས་ཚན་རིག་གི་རྣམ་གཞག་ཐོག་ནས་ངོ་སྤྲོད་དང་།
དོན་གཅོད་ཁང་གི་ཆོས་དགེ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་ཀྱིས་ནང་ཆོས་ཀྱི་ལྟ་གྲུབ་ཐོག་ནས་ངོ་སྤྲོད་གནང་ཞིང་། ལས་རིགས་འདྲ་མིན་ཐོག་ཕྱག་ལས་གནང་བཞིན་ཡོད་པའི་ནང་ཆོས་འཛིན་གྲྭའི་སློབ་མ་ཁག་གཅིག་ཀྱང་མཉམ་ཞུགས་གནང་ཡོད་པ་མ་ཟད། སློབ་གྲྭ་ཆེན་མོ་ཁག་ནང་དགེ་རྒན་གནང་བཞིན་ཡོད་པའི་ནང་ཆོས་འཛིན་གྲྭའི་སློབ་མ་ཚོས་དམིགས་བསལ་དོ་སྣང་ཆེན་པོ་གནང་སྟེ་རང་ཉིད་ཀྱི་ལྟ་ཚུལ་དང་དྲི་བ་བཏོན་པ་སོགས་ལ་གོང་གསལ་བགྲོ་གླེང་གནང་མཁན་གཉིས་ཀྱིས་ལན་འདེབས་དང་གསལ་བཤད་སོགས་ཕན་ཚུན་བགྲོ་གླེང་ལྷུག་པོ་གནང་ཡོད་པ་བཅས།།