༢༠༡༢ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༥ ཉིན་བཏང་གནས་ནང་འཁོད་དོན། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པ་ནས་གཙོ་བོ་གནང་སྟེ་ཟླ་ ༡༠ ཚེས་ ༡༤ ཉིན་ཐེ་ཝན་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་ཚོགས་ཁང་དང་པོའི་ནང་བོད་ཀྱི་གནད་དོན་སྐོར་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་རེད། ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཐེ་ཝན་དང་ཧོང་ཀོང་གིས་གཙོས་ཨ་རི་དང་། ཕ་རན་སི། སུད་ཌན། ཨོ་སི་ཊོ་ལི་ཡ་སོགས་ཡུལ་གྲུ་འདྲ་མིན་ནས་སློབ་གྲྭ་ཆེན་མོའི་དགེ་རྒན་དང་། བོད་དོན་ཉམས་ཞིབ་པ། བོད་དོན་རྒྱབ་སྐྱོར་བ། རྒྱ་ནག་མང་གཙོ་དོན་གཉེར་བ། བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་མི། སློབ་ཕྲུག་སོགས་ཁྱོན་མི་གྲངས་དྲུག་ཅུ་ལྷག་མཉམ་འཛོམས་གནང་ཡོད། དེ་ཉིན་གྱི་བགྲོ་གླེང་ཚོགས་འདུ་ཚོགས་ཐེངས་ཁག་ལྔ་ལ་དབྱེ་བགོས་གནང་ཡོད་ཅིང་།
ཚོགས་ཐེངས་དང་པོའི་བརྗོད་གཞི་ནི་རྡ་རམ་ས་ལའི་མཐོང་ཐོས་སྐོར་ཡིན་པ་དང་། གཙོ་བོ་ཐེ་ཝན་ཀྲུང་ཧྭ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཙེང་ཅན་ཡོན་དང་། ཐེ་ཝན་གཙུག་ལག་སློབ་ཆེན་གྱི་རིག་གནས་འབུམ་རམས་པ་ཀྲུའུ་ཀྲེང་ཇི། ཕ་རན་སིའི་ཡུལ་མི་གྲངས་ཉུང་མི་རིགས་ཉམས་ཞིབ་པ་སྲས་མོ་ཀྲུའུ་ཅི་ལི་བཅས་ཀྱིས་ཉེ་ཆར་རྡ་རམ་ས་ལར་བསྐྱོད་དེ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། ས་རཱ་བོད་ཀྱི་མཐོ་སློབ་སོགས་དང་མཉམ་འབྲེལ་བཞུགས་མོལ་གནང་བ་སོགས་ངོ་སྤྲོད་གནང་རྗེས། ཨོ་སི་ཊོ་ལི་ཡར་གནས་སྡོད་རྒྱ་མི་རིགས་ཡོན་ཧུང་པིང་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ཐེ་ཝན་ཡན་ལག་གི་རྒྱུན་ལས་བཀྲ་ཤིས་ཚེ་རིང་སོགས་ཀྱིས་དེ་འབྲེལ་བགྲོ་གླེང་གནང་ཡོད།
ཚོགས་ཐེངས་གཉིས་པ་བོད་ཀྱི་གནད་དོན་དང་རང་ལུས་མེར་སྲེག་གི་བརྗོད་གཞིའི་ཐོག་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་དང་། དེར་རྒྱ་ནག་གཞུང་གིས་ལོག་འགྲེལ་བྱེད་པ་སོགས་ངོ་སྤྲོད་གནང་ཞིང་། སྐུ་ཞབས་ཡོན་ཧུང་པིང་ལགས་ཀྱིས་བོད་ནང་གི་བོད་མི་ཞིག་གིས་བྲིས་པའི་རྩོམ་ཡིག་སྒྲོགས་སྦྱང་གནང་རྗེས། ཧོང་ཀོང་ནང་ཐེངས་དང་པོར་གསུམ་བཅུའི་དུས་དྲན་སྲུང་བརྩི་གནང་མཁན་སྐུ་ཞབས་ལུང་ཝི་ཝན་ལགས་དང་། ཨ་རིར་གནས་སྡོད་རྩོམ་པ་པོ་ལིའི་ཅང་ལིན་ལགས་ཀྱིས་དེ་འབྲེལ་གྱི་བགྲོ་གླེང་གནང་ཡོད། ཚོགས་ཐེངས་གསུམ་པ་ཧོང་ཀོང་གི་འོས་བསྡུ་དང་བཙན་བྱོལ་བོད་མིའི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་ཐེ་ཝན་ཏུང་ཝུ་གཙུག་ལག་སློབ་ཆེན་དགེ་རྒན་ལིན་ཇི་ཧྭ་སོགས་ཀྱིས་ཧོང་ཀོང་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་མང་གཙོའི་སྐོར་ལ་ངོ་སྤྲོད་གནང་རྗེས། ཐེ་ཝན་མཚོ་གླིང་ཅིང་མིན་སློབ་ཆེན་གྱི་དགེ་རྒན་ཝང་ཀྲེ་ཧྲེང་དང་། ཧོང་ཀོང་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་མི་ཧྲེན་སི་ཧེ་ཡིས་བགྲོ་གླེང་གནང་ཡོད། ཚོགས་ཐེངས་བཞི་པ་རྒྱ་ནག་གི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་སུད་ཌན་དུ་གནས་སྡོད་རྩོམ་པ་པོ་མོའོ་ལི་དང་། གཡུས་ཏཱ་སློབ་ཆེན་གྱི་དགེ་རྒན་ལིའུ་ཅིང་ཚའེ་ཡིས་རྒྱ་ནག་གི་མང་གཙོ་དང་། བོད་ཀྱི་གནད་དོན་སྐོར་ལ་གཏམ་བཤད་སྤེལ་བ་དང་། ཐེ་ཝན་གྲོས་ཚོགས་འཐུས་མི་ཟུར་པ་ཇན་ཤི་ཁའེ་དང་། ཏུང་ཝུ་སློབ་ཆེན་དགེ་རྒན་ཝང་ཤིང་ཀྲུང་གིས་དེ་འབྲེལ་བགྲོ་གླེང་གནང་ཡོད། ཚོགས་ཐེངས་ལྔ་པ་ཐེ་ཝན་ལ་གཞིགས་ཏེ་འབྱུང་འགྱུར་རྒྱ་ནག་མང་གཙོ་ཅན་དུ་གྱུར་བ་ཞེས་པའི་བརྗོད་གཞིའི་ཐོག་ཐེ་ཝན་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་སུན་ཀྲེ་བྷན་དང་། ཐེ་ཝན་མཉམ་འབྲེལ་སློབ་ཆེན་གྱི་དགེ་རྒན་ཀྲུའུ་ཏེ་རུང་། གྲོས་ཚོགས་འཐུས་མི་ཟུར་པ་ཇན་ཏཱ་བཅས་ཀྱིས་རྒྱ་ནག་དང་། ཐེ་ཝན། བོད་ཕྱི་ནང་གཉིས་བཅས་ཀྱི་སྐོར་ལ་གཏམ་བཤད་སྤེལ་བ་དང་། ཨ་རིར་གནས་སྡོད་རྩོམ་པ་པོ་ཏིང་དབྱི་ཧྥུ། རྒྱ་ནག་པེ་ཅིང་སློབ་གྲྭ་ཆེན་མོ་ནས་ཐོན་པ་རིག་གནས་འབུམ་རམས་པ་ལིའི་ཀྲེང་ལེང་། ཀྲུང་ཧྭ་གཙུག་ལག་སློབ་ཆེན་ཉམས་ཞིབ་སློབ་མ་ཧོང་ཅིང་ཧུང་གིས་དེ་འབྲེལ་གྱི་བགྲོ་གླེང་གནང་ཡོད། ཚོགས་ཐེངས་ཁག་སོ་སོའི་བགྲོ་གླེང་གྲུབ་རྗེས་ཚོགས་བཅར་བའི་འདྲི་བ་ཁག་ལ་འབྲེལ་ཡོད་བགྲོ་གླེང་གནང་མཁན་རྣམས་ཀྱིས་ལན་འདེབས་གནང་བ་བཅས་ཉིན་གཅིག་གི་བགྲོ་གླེང་ལྷུག་པོ་བྱུང་ཡོད་པ་དང་། གོང་གསལ་བགྲོ་གླེང་གནང་མཁན་ཕལ་ཆེ་བ་རྒྱ་ནག་གི་ས་ཆ་དང་། དེ་བཞིན་བོད་ཀྱི་ས་ཁུལ་འདྲ་མིན། རྡ་རམ་ས་ལ་གཙོས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སོགས་ནང་དངོས་སུ་བསྐྱོད་མྱོང་ཡོད་པ་ཤ་སྟག་ཡིན་པས། རང་རང་གི་མཐོང་ཐོས་མྱོང་གསུམ་གྱི་ཐོག་ནས་རྩོམ་ཡིག་སྤེལ་བ་ཡོངས་རྫོགས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་འགན་ཁུར་ཞུས་ཏེ་ཕྱོགས་སྒྲིག་གནང་རྗེས་དྲ་རྒྱ་སོགས་ཀྱི་བརྒྱུད་ལམ་ནས་ཡོངས་ཁྱབ་གནང་རྒྱུ་ཡིན་འདུག་པ་བཅས།།