༢༠༡༢ ཟླ་ ༡༠ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༣ ཉིན་བོད་ནང་གི་ཆུ་ཚོད་ ༡ ཡས་མས་ཤིག་ལ་མདོ་སྨད་ཀན་ལྷོ་ཁུལ་གཙོད་དགོན་པའི་མཆོད་རྟེན་ཉེ་འགྲམ་དུ་གཙོད་ཁ་སོག་འབྲོང་ལྕེ་སྡེ་པ་ནས་ཡིན་པ་རང་ལོ ༥༤ ལ་སོན་པ་རྗེ་གུང་ཐང་རིན་པོ་ཆེ་སྐུ་ཕྲེང་བདུན་པའི་པོ་པོ་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུན་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༧ ཉིན་རྒྱབ་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་མཆོག་གི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན།
མཁན་རིན་པོ་ཆེ་མཆོག་གིས་གཙོས་དགེ་འདུན་རྣམ་པ་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སེར་སྐྱ་མི་མང་རྣམས་ལ་ངས་བཀའ་ཤག་གི་ཚབ་ཞུས་ཏེ་ཞུ་རྒྱུར། ཁ་སེང་ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་བོད་མདོ་སྨད་ནས་ཡིན་པའི་དགུང་ལོ་ ༥༤ ལ་སོན་པའི་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་རྒྱ་ནག་དམར་པོའི་སྲིད་གཞུང་གི་དྲག་རྩུབ་ལ་ངོ་རྒོལ་ཆེད་གཙོས་དགོན་པའི་མཆོད་རྟེན་གྱི་ཉེ་འགྲམ་དུ་སྐུ་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ཁོང་ནི་སྐྱབས་རྗེ་གུང་ཐང་རིན་པོ་ཆེའི་སྐུ་ཕྲེང་བདུན་པའི་ཡུམ་གྱི་པ་ལགས་རེད་འདུག དེ་ཉིན་གཙོས་དགོན་པའི་དགེ་འདུན་རྣམ་པས་བསྔོ་སྨོན་དང་མི་མང་གིས་སྐུ་ཕུང་ལ་མཇལ་དར་བསྒྲོན་པ་སོགས་གདུང་སེམས་མཉམ་སྐྱེ་གནང་འདུག དེ་བཞིན་གཙོས་དགོན་པའི་གཡས་གཡོན་རྒྱ་དམག་གིས་བསྐོར་ནས་མི་མང་ལ་དཀའ་ངལ་བཟོ་གི་ཡོད་པ་བརྒྱུད་ལམ་ཁག་ནས་གོ་ཐོས་ཡོང་གི་འདུག དེར་བརྟེན་ང་ཚོ་འདིར་ཆོས་རིག་ལས་ཁུངས་ནས་གཞུང་འབྲེལ་གྱི་སྨོན་ལམ་མཆོད་འབུལ་ཐོག་དཔའ་བོ་དེ་དག་བོད་ཆོས་ལྡན་གྱི་ཞིང་ལ་མགྱོགས་ནས་མྱུར་དུ་དལ་འབྱོར་མི་ལུས་ཐོབ་པའི་བསྔོ་བ་སྨོན་ལམ་རྒྱག་རྒྱུ་དང་ཆབས་ཅིག་དཔའ་བོ་ཁོང་རྣམས་པའི་རྗེས་ཤུལ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཡོད། ཅེས་བརྡ་ལན་གཏོང་རྒྱུ་ཞིག་ཆགས་ཀྱི་ཡོད།
དེ་བཞིན་ང་ཚོ་འདིར་ཡོད་པ་ཚོའི་ལས་འགན་ག་རེ་ཆགས་ཀྱི་ཡོད་ཞེ་ན། གསར་འགྱུར་བརྒྱུད་ལམ་ཁག་སྟེ་རླུང་འཕྲིན་དང་བརྙན་འཕྲིན་ཚང་མར་འཛམ་གླིང་ཐོག་ང་ཚོའི་བོད་ནང་དེ་ལྟ་བུའི་དཀའ་ངལ་འོག་སྨྲ་བརྗོད་དང་འགྲོ་སྡོད་རང་དབང་མི་འདུག སོ་སོའི་སྲོག་ལས་རྩ་ཆེ་བ་མེད་ཀྱང་བོད་བསྟན་སྲིད་ཆེད་དུ་བློས་བཏང་དགོས་པ་ཆགས་ཡོད། ཅེས་ང་ཚོས་གསལ་བསྒྲགས་ག་ཚོད་ཙམ་ཞིག་གནང་ཐུབ་ཀྱི་འདུག ང་ཚོས་ང་ཚོར་དྲི་བ་འདྲི་རྒྱུ་རེད་འདུག ངས་འདིར་བཀའ་ཤག་གི་ཚབ་ཞུས་ཏེ་གསར་འགྱུར་བརྒྱུད་ལམ་ཁག་ལ་ང་ཚོ་ནང་ཁུལ་ཁྱབ་བསྒྲགས་བྱེད་རྒྱུ་ཙམ་མ་རེད། འཛམ་གླིང་འདིར་ང་ཚོ་བོད་ནང་སྡུག་བསྔལ་འདི་འདྲ་དང་སོ་སོའི་སྲོག་བཏང་དགོས་པའི་རྒྱུ་མཚན་གནད་དོན་དེ་དག་གསལ་བསྒྲགས་བྱེད་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད། ང་ཚོའི་ལམ་ཁག་གི་ཕྲེད་དར་དེ་ཚོའི་སྟེང་སྐུ་ལུས་མེར་སྲེག་གཏོང་མཁན་ཁོང་རྣམ་པའི་མཚན་དང་འདྲ་པར་བཀོད་ཡོད་ཀྱང་བོད་ཡིག་ཙམ་མ་གཏོགས་དབྱིན་ཡིག་ཐོག་མི་འདུག ང་ཚོའི་ཁྱབ་བསྒྲགས་བྱེད་ཡུལ་གཙོ་བོ་འཛམ་གླིང་མི་མང་གིས་ཤེས་པ་དགོས་ཀྱི་ཡོད། དེར་བརྟེན་བྱུང་ན་དབྱིན་ཡིག་དང་རྒྱ་ཡིག ཧིན་རྡི་གང་མང་ཐོག་དགོས་ཀྱི་འདུག
སྤྱིར་བཏང་གསར་འགྱུར་བརྒྱུད་ལམ་ཁག་གི་བོད་བསྟན་སྲིད་ཆེད་དུ་འགན་ཆེན་པོ་སྒྲུབ་ཀྱི་ཡོད། དེ་བཞིན་རླུང་འཕྲིན་དང་བརྙན་འཕྲིན་དེ་དག་གི་འགན་ཆེན་པོ་འཁྱེར་གྱི་ཡོད་སྐབས། འཛམ་གླིང་ནང་ཁྱབ་བསྒྲགས་གནང་རོགས་ཞེས་འབོད་སྐུལ་ཞུ་གི་ཡོད། དཔའ་བོ་དེ་དག་མགྱོགས་ནས་མྱུར་དུ་དལ་འབྱོར་མི་ལུས་ཐོབ་པའི་སྨོན་ལམ་སྐྱོན་གནང་རོགས། འདིར་མཆོད་འབུལ་སྨོན་ལམ་ཕེབས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།