༢༠༡༢ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༠ ཉིན་བོད་ནང་གི་ཆུ་ཚོད་ ༢ ཙམ་མདོ་སྨད་བླ་བྲང་བསང་ཆུ་རྫོང་འབོ་ར་སྒྲོག་མ་སྡེ་བ་ནས་ཡིན་པའི་རང་ལོ་ ༢༧ སོན་པ་རྒྱལ་གཅེས་པ་ལྷ་མོ་སྐྱབས་ལགས་དང་། ཕྱི་ཚེས་ ༢༢ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད ༧། ༣༠ ཙམ་མདོ་སྨད་བླ༌བྲང་གི་བསང་ཆུ་རྫོང་མདའ་སྨད་ཞང་ནས་ཡིན་པའི་རང་ལོ་ ༦༡ སོན་པ་རྒྱལ་གཅེས་པ་ཧོར་ཁ་གྱའི་དོན་གྲུབ་ལགས། ཕྱི་ཚེས་ ༢༣ ཉིན་བོད་ནང་གི་ཆུ་ཚོད་ ༤ དང་ཕྱེད་ཀ་ཙམ་ལ་མདོ་སྨད་བླ་བྲང་ཟ་ཡུས་ནང་ནས་ཡིན་པ་རང་ལོ་ ༥༧ སོན་པའི་སྐྱ་བོ་རྒྱལ་གཅེས་པ་རྡོ་རྗེ་རིན་ཆེན་ལགས་གསུམ་གྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུན་ཐོན་སྟབས།
བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༤ ཉིན་རྒྱབ་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་མཆོག་གི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན། འདི་གར་ཕེབས་པའི་བྲག་རི་རིན་པོ་ཆེ་མཆོག་གིས་དབུས་དགེ་འདུན་པ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སེར་སྐྱ་མི་མང་རྣམས་ལ་སེམས་འཚབ་ཆེན་པོས་ཡང་བསྐྱར་ཞུ་རྒྱུར་ཁ་སེང་ཕྱི་ཚེས་ ༢༠། ༢༢། ༢༣། བཅས་སོ་སོར་མདོ་སྨད་བླ་བྲང་ཕྱོགས་ལ་རྒྱལ་གཅེས་དཔའ་བོ་གསུམ་གྱིས་རང་ལུས་མེར་སྲེག་གནང་བ་སྐྱབས་ཐོའི་ནང་གསལ་བ་ལྟར་རེད། དང་པོ་རང་ལོ་ ༢༧ ཡིན་པ་ལྷ་མོ་སྐྱབས་ལགས་ཀྱིས་བླ་བྲང་བསང་ཆུ་རྫོང་དུ་སྐུ་ལུས་མེར་སྲེག་བཏང་ཡོད། དེ་རྗེས་རང་ལོ་ ༦༡ སོན་པ་དོན་གྲུབ་ལགས་ཀྱིས་བླ་བྲང་བསང་ཆུ་རྫོང་དང་། རང་ལོ་ ༥༧ ཡིན་པ་རྡོ་རྗེ་རིན་ཆེན་ལགས་བཅས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་ཡོད། བཀའ་ཤག་ནས་སེམས་འཚབ་ངང་ཛ་དྲག་ཆེ་བའི་ལས་འགུལ་དེ་རིགས་མ་སྤེལ་རོགས། ཞེས་གཞིས་བྱེས་བོད་མིའི་ཚེ་སྲོག་ཧ་ཅང་རྩ་ཆེན་ཡིན་པའི་གསལ་བསྒྲགས་གནང་ཡོད། འོན་ཀྱང་རྒྱལ་གཅེས་དཔའ་བོ་ཁོང་རྣམ་པས་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་མེད་པའི་དཀའ་ངལ་དེ་དག་སེལ་ཐབས་སུ་ཞི་བའི་ཐོག་ནས་སྐུ་ལུས་མེར་སྲེག་གནང་གི་ཡོད།
ང་ཚོ་འདི་གར་ཆོས་རིག་ལས་ཁུངས་ཐོག་ནས་མཆོད་འབུལ་སྨོན་ལམ་འབུལ་གྱི་ཡོད། ང་ཚོས་ཚེ་འདས་དཔའ་བོ་དཔའ་མོ་རྣམས་མགྱོགས་ནས་མྱུར་དུ་དལ་འབྱོར་མི་ལུས་ཐོབ་པའི་སྨོན་ལམ་རྒྱག་རྒྱུ་དང་། དེ་བཞིན་ཁོང་རྣམ་པའི་རྗེས་ཤུལ་དེ་དག་ལ་བཙན་བྱོལ་སྒྲིག་འཛུགས་དང་མི་མང་ནས་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད། གང་ལ་ཞེ་ན། བོད་ནང་དཔའ་བོ་དཔའ་མོ་ཁོང་རྣམ་པས་བོད་བསྟན་སྲིད་དང་བོད་མི་རིགས་ཆེད་རང་ལུས་མེར་སྲེག་གཏོང་གི་ཡོད། ང་ཚོ་བཙན་བྱོལ་བ་སེར་སྐྱ་མི་མང་ཚང་མས་སོ་སོར་འགན་ཡོད་པ་དེ་ཡང་ནས་ཡང་དུ་དྲན་དགོས་པ་མ་ཟད། འགན་ཁུར་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་ཞུས་པ་དང་ཆབས་ཅིག་འདི་གར་ཕེབས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད། །