༢༠༡༢ ཟླ་ ༡༠ ཚེས་ ༢༠ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། དེ་ཉིན་གྱི་ཕྱེད་ཡོལ་ཀོ་ནེཀ་ཊི་ཀ་ཊིར་གནས་སྡོད་བོད་རིགས་དང་དེ་བཞིན་ས་ཁུལ་དེའི་ཉེ་འཁྲིས་སུ་གནས་པའི་ནེའུ་ཡོཀ་གྲོང་ཁྱེར་སོགས་ནས་ཕེབས་པའི་བོད་རིགས་བཅས་ཁྱོན་མི་གྲངས་ ༧༠༠ བརྒལ་བར༸གོང་ས་མཆོག་གིས་རྒྱ་ནག་ནང་གི་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་དང་བོད་ཀྱི་ནང་ཆོས་ལ་དེང་སང་འཛམ་གླིང་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་སྐོར་༸གོང་ས་མཆོག་གིས་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་གཟིགས་ཏེ་སྐུ་དབང་རྩིས་སྤྲོད་མཛད་པའི་གནད་དོན་སོགས་ཀྱི་སྐོར་བཀའ་སློབ་གཟབ་རྒྱས་སྩལ་ཡོད།
དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་རྒྱ་ནག་གི་ད་ལྟའི་ཆབ་སྲིད་གནས་སྟངས་སྐོར་བཀའ་སློབ་ཕེབས་དོན། གུང་ཁྲན་ཏང་ལ་ཆ་བཞག་ན་བཟོ་ཞིང་མཉམ་འབྲེལ་ངལ་རྩོལ་མི་མང་གི་སྒྲིག་འཛུགས་ཡོད་པ་བཞིན་དོན་དངོས་སུ་ལྟ་གྲུབ་ཡག་པོ་དེ་འདྲ་ཡོད་ན། དེ་རིང་སང་ལྐོག་ཟ་རུལ་སུངས་དང་ཐུབ་རྩོད་གཏོང་རྒྱུ་སོགས་ཡོང་ཤེས་རྒྱུ་མེད། ཉེ་ཆར་བདུན་ཕྲག་གཉིས་ཙམ་གོང་ལ་རྒྱ་མི་ཁ་ཤས་ཐུག་རྒྱུ་བྱུང། དེའི་ཁོངས་སུ་རྒྱ་མི་གྲོང་གསེབ་ནས་ཡིན་པའི་པོ་ལགས་ཤིག་འདུག ང་ཚོར་རེ་བ་བརྒྱབ་སྟེ་ཁོ་རང་གི་གྲོང་གསེབ་དེ་ནས་ཡོང་བ་ཡིན་ཞེས་བརྗོད་བྱུང། རྒྱ་མི་གཞན་རྣམས་ཤེས་ཡོན་ཅན་དེ་འདྲ་རེད་འདུག དེ་ནས་ངོས་ཀྱིས་པོ་ལགས་དེར་གྲོང་གསེབ་ནང་གང་འདྲ་འདུག་ཅེས་སྐད་ཆ་དྲིས་པར་ཁོང་གིས་ད་ཡིན་ན་ཧ་ལས་པའི་དཀའ་ངལ་འདུག ཞིང་པ་ཚོར་དཀའ་ངལ་འཕྲད་སྐབས་བདེ་སྡུག་ཤོད་ས་མི་འདུག དྲང་མ་དྲང་གི་གནས་ཚུལ་འདྲ་མིན་འབྱུང་སྐབས་རྒྱུ་རྐྱེན་ཤོད་ས་ཁྱོ་ནས་མེད།
ས་གནས་རྫོང་དཔོན་འོག་གི་ལས་བྱེད་ཆུང་ཆུང་ཞིག་ཡིན་ནའང་དབང་ཕྲན་བུ་ཡོད་ཚེ་ཁོའི་གང་བྱེད་མ་གཏོགས། མི་མང་དོན་དུ་བསམ་བློ་གཏོང་རྒྱུ་དང་མི་མང་གི་བདེ་སྡུག་ཐོག་བསམ་བློ་གཏོང་མཁན་རྩ་བ་ནས་མི་འདུག ཧ་ཅང་ཐབས་སྐྱོ་པོ་འདུག ད་ལྟའི་ཆར་རྒྱ་ནག་ནང་དཔལ་འབྱོར་གྱི་གནས་སྟངས་ཕྲན་བུ་ཡར་རྒྱས་ཕྱིན་ཡོད་པ་མ་གཏོགས། སྤྱི་ཡོངས་ཆབ་སྲིད་ཀྱི་གནས་སྟངས་ལ་རྒྱ་ནག་ནང་ལ་ཆ་བཞག་ན་རང་དབང་མེད་པ་དང། ཁྲིམས་ཀྱི་དབང་བསྒྱུར་མེད་པ། ལྐོག་ཟ་རུལ་སུངས་ཚད་ལས་བརྒལ་བ་དེ་ལྟ་བུའི་གནས་ཚུལ་གྱི་འོག་ནས་རྒྱ་ནག་ནང་གི་ཤེས་ཡོན་ཅན་གཙོ་བོར་གྱུར་པའི་མི་མང་པོ་ཞིག་གིས་ད་ལྟའི་རྒྱ་ནག་གི་སྲིད་གཞུང་ལ་ཡིད་ཐང་ཆད་པའི་གནས་སྟངས་ཆགས་ཡོད། བར་སྐབས་ཏིང་ཞའོ་ཕིང་གིས་དཔལ་འབྱོར་གྱི་སྲིད་བྱུས་ལྷུག་གཏོང་གི་རྐྱེན་པས། སྐྱིད་སྡུག་ཕྲན་བུ་ཡག་ཏུ་ཕྱིན་ཏེ་འབྱོར་ལྡན་ཧ་ཅང་མང་པོ་ཆགས་ཡོད། དེ་དག་གིས་ད་ལྟའི་སྲིད་གཞུང་གི་སྒྲིག་འཛུགགས་ཡོད་པ་དེ་གལ་སྲིད་ཐོར་ན། དཔལ་འབྱོར་གྱི་ཡར་རྒྱས་གང་ཙམ་ཕྱིན་པ་དེ་ཉམས་ཆག་འགྲོ་གི་རེད་བསམ་སྟེ་དངངས་སྐྲག་གི་འོག་ནས་ད་ལྟའི་སྒྲིག་འཛུགས་འདི་གང་ཐུབ་ཡུན་རིང་འཁྱོལ་རོགས་བྱས་ན་བསམ་པ་མ་གཏོགས། ལྟ་གྲུབ་མེད་ལ་མི་མང་གི་ཞབས་འདེགས་སྒྲུབ་བསམ་པ་ཡང་མེད།
དེར་བརྟེན་ཁུངས་འཁྱོལ་ཐབས་མེད། ཅེས་དང་དེ་བཞིན་༸གོང་ས་མཆོག་གིས་བོད་པའི་ཡ་རབས་བཟང་པོའི་གོམས་གཤིས་དང་སྙིང་སྟོབས་སེམས་ཤུགས་བཅས་ནི་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་ཕྱིན་པའི་ནང་པ་སངས་རྒྱས་པའི་ཆོས་ལས་བྱུང་བ་ཞིག་ཡིན་་སྐོར་བཀའ་སློབ་སྩལ་དོན། དེ་རིང་སང་དུས་རབས་ ༢༡ པའི་ནང་སངས་རྒྱས་པའི་ཆོས་ལ་སྤྱིར་ཤེས་ཡོན་ཅན་དང། ཡང་སྒོས་ལྷག་པར་ཚན་རིག་པའི་ནང་ནས་དོ་སྣང་བྱེད་རྒྱུ་ཞིག་ཆགས་ཡོད། ཕར་ཕྱོགས་དེར་རྒྱ་མི་གུང་ཁྲན་གྱིས་བསམ་བློའི་ལྟ་གྲུབ་དེ་མ་ཁེ་སི་རིང་ལུགས་ཐོག་ནས་ཡོང་གི་ཡོད། དེ་ནི་ལོ་ཉིས་བརྒྱ་ལྷག་ལས་ཕྱིན་མེད། དེ་གཅིག་བསྡུས་ཀྱི་ལམ་ལུགས་ཞེས་པ་དེ་ནི་དེང་སང་འཛམ་གླིང་འདིའི་སྟེང་བེད་མེད་ཟོག་རོ་ཁུངས་འཁྱོལ་རྒྱུ་མེད་པ་ཞིག་རེད། གང་ལྟར་བོད་རྒྱ་ཆེའི་མི་མང་གི་བདེན་པའི་སྟོབས་ཤུགས་དེ་མི་རབས་ནས་མི་རབས་གནས་ཀྱི་རེད།
ཁྱེད་རང་ཚོའི་མེ་མདའི་སྟོབས་ཤུགས་ཀྱི་ཐོག་འགྲོ་བཞིན་པ་དེ་ཏན་ཏན་འགྱུར་བ་ཞིག་འགྲོ་གི་རེད་ཅེས་ངོས་ཀྱིས་སྐད་ཆ་འདི་ཤོད་ཀྱི་ཡོད། ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲད་པ་དེ་ནི་དུས་རབས་ ༢༡ གི་འགྲོ་སྟངས་དང་མཐུན་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་ད་ལྟའི་གནས་སྟངས་བཅས་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་༸གོང་ས་ལྔ་པ་ཆེན་པོ་ནས་བྱུང་བའི་དགའ་ལྡན་ཕོ་བྲང་གི་ལུགས་གཉིས་ཀྱི་འགན་དབང་མཚམས་འཇོག་བྱས་པ་ཡིན། ང་ཚོ་འདིར་ལུགས་སྲོལ་རྙིང་པར་འཐམ་སྡོད་རྒྱུ་དང་གསར་བརྗེ་ལ་ངོ་རྒོལ། མང་གཙོ་ལ་ངོ་རྒོལ་བྱེད་རྒྱུ་དེ་ཁྱོ་ནས་མེད་པར། ང་ཚོས་བརྒྱ་ཆ་བརྒྱ་ཐམ་པ་ཁ་ཡོད་ལག་ཡོད་མང་གཙོའི་ལམ་གྱི་ཐོག་འགྲོ་གི་ཡོད་པ་ལག་ལེན་ངོ་མའི་ཐོག་ནས་ལན་བརྒྱབ་ཡོད། ངོས་རང་ཨ་རི་དང་ཡུ་རོབ་ནང་བསྐྱོད་སྐབས་ང་ཚོས་ཐག་གཅོད་བྱས་པ་འདི་དོན་གྱི་རྒྱ་མིར་ལན་ཧ་ལས་པའི་ཡག་པོ་ཞིག་བརྒྱབ་སོང། ད་རྒྱ་མིར་བསམ་བློ་གསར་པ་ཞིག་གཏོང་དགོས་རྒྱུ་ཞིག་བྱུང་བ་རེད་ཅེས་ངོས་ཀྱི་གྲོགས་པོ་མང་པོ་ཞིག་གིས་འདི་ལྟར་བཤད་བྱུང་དེར་བརྟེན་ང་ཚོས་མང་གཙོའི་ཐོག་འགྲོ་རྒྱུ་འདི་ང་ཚོ་ཚང་མར་དགོས་པ་རྒྱུ་མཚན་ཚང་མས་ཕྱར་བ་གྲུ་འདེགས་ཀྱི་བྱེད་ཀྱི་ཡོད་པར་བརྟེན་ཐག་གཅོད་འདི་ལྟར་བྱས་པ་རེད། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་དང་སེམས་སྐྱིད་པོ་བྱས་ཏེ་སྡོད་ཨང། ཚང་མ་བློ་བདེ་པོ་བྱོས། ཞེས་བཀའ་སློབ་སྩལ་ཡོད་པ་བཅས།།