༢༠༡༢ ཟླ་ ༡༠ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཤར་ཕྱོགས་མངའ་སྡེའི་(Rhode Island)རོ་ཌེ་ཨར་ལན་གྱི་(Providence)ཕོར་ཝེ་ཌན་སིར་རྟེན་གཞི་བྱས་པའི་(Brown University)བྷོ་རོན་གཙུག་ལག་སློབ་གྲྭ་ཆེན་མོར་བཀའ་སློབ་སྩལ་རྗེས་ཕྱི་ཚེས་ ༡༨ ཉིན་སྔ་དྲོ་ཁུལ་དེའི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཀོ་ནེཀ་ཊི་ཀ་ཊི་མངའ་སྡེར་རྟེན་གཞི་བྱས་པའི་མདོ་སྔགས་ཀུན་ཕན་གླིང་ཆོས་ཚོགས་སུ་ཆིབས་སྒྱུར་བསྐྱངས། སྐབས་དེར་ཆོས་ཚོགས་ཀྱི་དབུ་བླ་རྒྱུད་སྨད་མཁན་ཟུར་བློ་བཟང་བྱམས་པ་རིན་པོ་ཆེ་མཆོག་གིས་གཙོས་འབྲེལ་ཡོད་འཐུས་མི་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཆོས་ཚོགས་ཀྱི་ཚོགས་ཁང་ནང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་དེ་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདི་གར་ཁྱུག་ཙམ་བཅར་ཐུབ་པ་ཧ་ཅང་དགའ་པོ་བྱུང། ངོས་ཀྱིས་མཁན་རིན་པོ་ཆེ་མཆོག་རྒྱུས་མངའ་ཡོད། ཁོང་གྲྭ་པ་ཚུལ་མཐུན་ཞིག་རེད།
དེར་བརྟེན་ཁྱེད་ཚོར་ཁོང་གིས་བསླུ་བྲིད་བྱེད་ཀྱི་མ་རེད། ཅེས་ཞལ་ཤོབ་མཛད་པ་དང་སྦྲགས་མུ་མཐུད་བཀའ་སྩལ་དོན། ཆོས་ཚོགས་ནང་སློབ་ཁྲིད་བྱ་རྒྱུའི་གཞུང་ཆེན་རྣམས་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཀྱིས་བརྩམས་པའི་བསྟན་བཅོས་དེ་དག་གཙོ་བོ་རིག་པས་དཔྱད་པ་བྱས་ཏེ་གཏན་ལ་ཕབ་པ་ཤ་སྟག་ཡིན། བཅོམ་ལྡན་འདས་ཀྱིས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་དཔྱད་པ་བྱེད་དགོས་གསུངས་ཡོད། དེར་བརྟེན་ནཱ་ལེནྡྲའི་མཁས་པ་རྣམས་ཀྱིས་སྟོན་པའི་བཀའ་ལ་དྲང་དོན་དང་ངེས་དོན་གཉིས་སུ་དབྱེ་བ་མཛད་ཡོད། དད་པ་དང་ཡིད་ཆེས་ཁོ་ནར་མ་རྟེན་པར་རིག་པས་དཔྱད་པ་བྱས་ཏེ་གཏན་ལ་ཕབ་རྒྱུ་དེ་ནང་པའི་ཐུན་མོང་མིན་པ་ཞིག་ཡིན་པ་བརྗོད་ཆོག་གི་རེད། ཅེས་བཀའ་སློབ་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན། ༸གོང་ས་མཆོག་ཆོས་ཚོགས་ནས་ཆིབས་སྒྱུར་བསྐྱངས་ཏེ་ཌན་བུ་རི་ཞེས་པའི་ས་གནས་སུ་རྟེན་གཞི་བྱས་པའི་ནུབ་ཕྱོགས་ཀེ་ན་ཊི་ཀ་ཊི་གཙུག་ལག་སློབ་ཁང་དུ་ Western Connecticut State University ༸ཞབས་སོར་འཁོད་སྐབས་གཙུག་ལག་སློབ་གྲྭའི་གཙོ་འཛིན་རྒན་གཞོན་རྣམ་གཉིས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས། དེ་ནས་༸གོང་ས་མཆོག་གིས་གཙུག་ལག་སློབ་གྲྭའི་ཚོགས་ཁང་ཞིག་ནང་བོད་རིགས་ ༧༠༠ ཙམ་ལ་བླང་དོར་བཀའ་སློབ་སྩལ་རྗེས། གཙུག་ལག་སློབ་གྲྭའི་ཨོ་ནེལ་ཚོགས་ཁང་ O’Neill Center དུ་ཆིབས་སྒྱུར་བསྐྱངས་ཏེ་བྱམས་བརྩེ་སྐྲུན་ཐབས། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ ༣༥༠༠ བརྒལ་བར་བཀའ་སློབ་སྩལ། དེ་ཡང་མགོན་པོ་གང་ཉིད་མཆོག་ཐོག་མར་སྡིངས་ཆའི་ཞབས་སྟེགས་ཐོག་༸ཞབས་སོར་འཁོད་བསྟུན། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་གེར་ Richard Gere ལགས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ངོ་སྤྲོད་གནང་ཡོད། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
འདི་ག་སློབ་ཕྲུག་དང་མང་ཚོགས་རྣམས་ལ་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་པར་ངོས་རང་ཧ་ཅང་དགའ་པོ་བྱུང། གཞི་རྩའི་ངོས་ཀྱིས་ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་འགྲོ་མི་ཡིན་པ་གཅིག་མཚུངས་ཆགས་ཡོད། དེར་བརྟེན་ང་ཚོ་ཕན་ཚུན་ཐུག་འཕྲད་སྐབས་ངོ་སྤྲོད་བྱེད་དགོས་པ་གང་ཡང་མེད། བསམ་བློ་དེས་ངོས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་འདུག ངོས་ཀྱི་མི་ཆིག་སྟོང་ལ་སྐད་ཆ་ཤོད་ཀྱི་ཡོད་ནའང་འདྲ། མི་འབུམ་གཅིག་ལ་སྐད་ཆ་ཤོད་ཀྱི་ཡོད་ནའང་འདྲ། ང་ཚོ་ཚང་མ་མི་གཅིག་གྱུར་ཡིན་པ་ལས་དབྱེ་བ་གང་ཡང་མེད། མི་ཕན་ཚུན་དབྱེ་འབྱེད་ཀྱི་འདུ་ཤེས་མེད་ཚེ་ཕན་ཚུན་ཡིད་ཆེས་བསླེབ་ཀྱི་རེད། ཡིད་ཆེས་ནི་མཐུན་འབྲེལ་གྱི་གཞི་རྩ་ཆགས་ཡོད། འཛམ་གླིང་སྤྱིའི་གནས་སྟངས་ཐོག་ནས་ལྟ་སྐབས་ད་ཆ་ང་ཚོ་ཞེས་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་ང་ཚོ་ཞེས་ཁྱིམ་ཚང་ཆེན་པོ་གཅིག་གི་འདུ་ཤེས་འཛིན་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ལྟར་བྱུང་ཚེ་མིས་མི་ལ་བཤུ་གཞོག་གཏོང་རྒྱུ་དང་། བསླུ་བྲིད་བྱ་རྒྱུ། ཐུབ་ཚོད་དང་གཉའ་གནོན་བྱ་རྒྱུ། སོགས་མ་ཡོང་བ་མ་ཟད། མི་གཞན་ལ་ལམ་ལྷོང་བྱུང་ཚེ་དགའ་བ་སྒོམ་པ་ལས་གཞན་ལ་ཕྲག་དོག་བྱས་ན་ཡིད་ཆེས་བརླག་གི་རེད། ཡིད་ཆེས་མེད་ན་ཕན་ཚུན་ཞེ་སྣང་བྱེད་དགོས་པ་དང། དེར་བརྟེན་མཐར་རང་ཉིད་མི་གཞན་སུ་ལའང་ཡིད་ཆེས་མེད་པར་གྲོགས་མེད་ཁྱེར་རྐྱང་དུ་ལུས་ཀྱྱི་རེད། མི་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་པ་གཅིག་མཚུངས་ཆགས་ཡོད། འོན་ཀྱང་དཔལ་འབྱོར་ཡར་རྒྱས་ཁོ་ནས་ཞི་བདེ་བསྐྲུན་མི་ཐུབ། ཞི་བདེ་ནི་ནང་སེམས་ནས་ཡོང་དགོས་པ་ཡིན། སྨོན་ལམ་གལ་ཆེན་པོ་ཡིན་ནའང་དེ་ལས་ལག་ལེན་བསྟར་རྒྱུ་གལ་ཆེ་བ་ཆགས་ཡོད།
དེང་སྐབས་སྒོམ་ལ་དོ་སྣང་བྱེད་མཁན་མང་པོ་ཡོད། མི་ཚང་མའི་ཁ་ལ་སྒོམ་ཞེས་ཧ་ཅང་དོ་སྣང་བྱེད་བཞིན་ཡོད། སྒོམ་བརྗོད་སྐབས་མིག་བཙུམ་ནས་ལུས་དལ་ལྷོད་ངང་སྡོད་རྒྱུ་ཙམ་ལ་བརྗོད་ཀྱི་མེད། སྒོམ་རྒྱག་སྐབས་སེམས་བྱིང་རྒོད་ཀྱི་སྐྱོན་སྤངས་ཏེ་རིག་པ་གྲུང་པོར་གནས་ཐུབ་པ་དགོས། དེའི་ཐོག་ནས་བདག་འཛིན་དང། སྡུག་བསྔལ་ལ་དཔྱད་པ་བྱེད་དགོས། དཔྱད་པ་དེ་དག་གིས་སེམས་ནང་ཞི་བདེ་སྐྲུན་རྒྱུ་ཧ་ཅང་ཕན་ཐོགས་ཆེན་པོ་འདུག བསམ་བློ་ཉོན་མོངས་གཞན་དབང་དུ་སོང་ན། ང་ཚོར་དཀའ་ངལ་བཟོ་རྒྱུ་རེད། དེར་བརྟེན་ང་ཚོས་རང་གི་རྣམ་དཔྱོད་བེད་སྤྱོད་བྱས་ནས་ཉོང་མོངས་དེ་དག་ལ་གདོང་ལེན་བྱེད་དགོས། དཔེར་ན། ང་ཚོ་ཁོང་ཁྲོ་ཟ་གྲབས་བྱེད་སྐབས། བློའི་གཟུར་གཅིག་ནས་དེ་འདྲ་རུང་གི་མ་རེད་བསམ་པའི་བསམ་བློ་ཞིག་ཡོང་བཞིན་ཡོད། ཁོང་ཁྲོས་རྟག་ཏུ་སྡུག་བསྔལ་བཟོ་བ་ལས་བདེ་བ་ནམ་ཡང་བསྐྲུན་མི་ཐུབ་པ་མ་ཟད། ཁོང་ཁྲོས་རང་གི་ལུས་པོའི་འཕྲོད་བསྟེན་ལའང་ཧ་ཅང་གནོད་འཚེ་བཟོ་རྒྱུ་རེད། ང་ཚོས་སྨོན་ལམ་བརྒྱབ་ནས་ཁོང་ཁྲོ་མ་ལང་པར་ཤོག ཅེས་བརྗོད་ནས་ཁོང་ཁྲོ་མེད་པ་བཟོ་མི་ཐུབ། དེར་བརྟེན་ཁོང་ཁྲོ་མེད་པར་བཟོ་དགོས་ན་བསམ་བློའི་ཐོག་ནས་བཟོ་དགོས། དེ་ལྟར་ཡོང་བར་བསམ་བློ་དང་སེམས་ཀྱི་འགྲོ་སྟངས་སྐོར་ཤེས་ན་ཕན་ཐོགས་ཆེན་པོ་ཡོད། དེང་རབས་ཤེས་ཡོན་ནང་གཙོ་བོ་ཕྱི་དངོས་པོའི་རྣམ་གཞག་སྐོར་ཧ་ཅང་འགྲེལ་བཤད་རྒྱག་རྒྱུ་ཡོད་ཀྱང་སེམས་ཀྱི་རྣམ་གཞག་སྐོར་ལ་སླེབ་སྐབས་དེང་དུས་ཤེས་ཡོན་གཅིག་པུས་འདང་རྒྱུ་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། སློབ་མ་ཁག་གཅིག་གི་དྲི་བར་བཀའ་ལན་ཡང་སྩལ་ཡོད་པ་བཅས།།