༢༠༡༢ ཟླ་ ༡༠ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༦ ཉིན་གྱི་ཕྱེད་ཡོལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་མེ་སི་ཆུ་སི་མངའ་སྡེའི་གྲོང་ཁྱེར་བྷོ་སི་ཊོན་ཁུལ་གྱི་བོད་རིགས་ཚོགས་པ་དང། ཀུ་རུ་ཀུ་ལ་བོད་བརྒྱུད་ནང་བསྟན་ཤེས་ཡོན་བསྟི་གནས་ཁང་།(Kurukulla Center) དེ་བཞིན་མེ་ཌ་ཕོར་ཌི་(Medford) གྲོང་ཁྱེར་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། མེ་ཌ་ཕོར་ཌིར་རྟེན་གཞི་བྱས་པའི་ཀུ་རུ་ཀུ་ལ་བོད་བརྒྱུད་ནང་བསྟན་ཤེས་ཡོན་བསྟི་གནས་ཁང་དུ་ཆིབས་སྒྱུར་བསྐྱངས་ཡོད། སྐབས་དེར་༸གོང་ས་མཆོག་གིས་བྷོ་སི་ཊོན་ཁུལ་དུ་གནས་སྡོད་བོད་རིགས་རྣམ་པ་དང་ས་གནས་ཀྱི་ཨ་རིའི་ཡུལ་མི་བཅས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བར་ཐོག་མར་དབྱིན་སྐད་ཐོག་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་འགན་གཙོ་བོ་གསུམ་པོ་ངོ་སྤྲོད་མཛད་རྗེས་བོད་རིགས་ཚོར་བཀའ་སློབ་ཕེབས་དོན།
དེ་རིང་ངོས་རང་འདི་གར་འབྱོར་ནས་ཁྱེད་རང་ཚོ་དང་ཁྱུག་ཙམ་ཞིག་ཐུག་རྒྱུ་བྱུང་བར་དགའ་པོ་བྱུང། ང་ཚོ་ཡུལ་གྱར་ཆགས་ཏེ་ལོ་ངོ་ ༥༣ ལྷག་ཕྱིན་ཚར་བ་དེ་མི་གཅིག་གི་མི་ཚེའི་ཐོག་བཤད་ན་ཕྲན་བུ་དུས་ཚོད་རིང་པོ་ཡིན་ནའང་། མི་རིགས་གཅིག་གི་རང་དབང་འཐབ་རྩོད་ཐོག་ནས་བཤད་ན་ལོ་ལྔ་བཅུ་ང་གྲངས་དེ་དུས་ཚོད་རིང་པོ་ཞིག་མིན། ལྷག་པར་ང་ཚོར་ཤིན་ཏུ་ཕྱུག་པའི་ནང་པའི་ཆོས་དང་། རིག་གཞུང། སྐད་ཡིག་བཅས་ཟུར་གསལ་ཡོད། ང་ཚོ་ཚང་མས་ཤེས་གསལ་རེད། བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་གིས་མི་རབས་ནས་མི་རབས་ཀྱི་སྙིང་སྟོབས་དང་སེམས་ཤུགས་འཁྱེར་ཏེ་འདི་ལྟར་བསྡད་པ་རེད། རྒྱ་ནག་གཞུང་གི་ལོ་རེ་ནས་ལོ་རེ་བོད་ནང་དམག་མི་གྲངས་འབོར་མང་དུ་བཏང་བ་དང། ས་ཆ་གང་སར་དཔེར་ན། ལྷ་སར་ཆ་བཞག་ལ་ཁྲོམ་ལམ་གང་སར་པར་ཆས་བཙུགས་ཡོད། མདོར་ན་སློབ་གྲྭ་ལའང་པར་ཆས་བཙུགས་ཏེ་ཧ་ལས་པའི་དོགས་པ་རྣམ་རྟོག་བྱེད་དགོས་པ་ཆགས་ཡོད། དེ་དག་ནི་བོད་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སེམས་ཤུགས་ཉམས་པ་མེད་པར་གནས་ཡོད་པར་བརྟེན་རྒྱ་མིར་དཀའ་ངལ་དེ་འཕྲད་ཀྱི་ཡོད། དེར་བརྟེན་བོད་རྒྱ་ཆེའི་མི་མང་གི་སེམས་འཁུར་ཧ་ལས་པ་རེད་འདུག དེ་བཞིན་ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོ་ཡིན་ནའང་ཡག་ཐག་ཆོད་བརྗོད་དགོས་རེད། སོ་སོའི་འཚོ་ཐབས་རང་མགོ་ཐོན་པ་བྱས་པ་དང་ཆབས་ཅིག་ཚང་མས་སོ་སོའི་མི་རིགས་ཀྱི་ཞེན་ཁོག་དང་ལ་རྒྱ་སོགས་དངོས་གནས་སྤྱི་སེམས་འཁྱེར་གྱི་ཡོད། རེ་ཟུང་གིས་ཞབས་འདྲེན་ཞུ་གི་རེད་ལ་དེ་ཡོང་སྲིད་པ་ཞིག་རེད། སྤྱི་ཡོངས་ཀྱི་ཆ་ནས་ཡག་ཐག་ཆོད་ཡོད། རྒྱ་གར་ནང་ཡོད་མཁན་ཚོའང་དེ་དེ་བཞིན་རེད་ལ་ཕྱི་རྒྱལ་ནང་ཡོད་མཁན་ཚོ་ཡང་དེ་དེ་བཞིན་རེད། དེར་བརྟེན་ང་རང་ཚོས་ལོ་དེའི་རིང་ཚང་མས་བོད་སྤྱི་དོན་གྱི་སེམས་འཁུར་མ་བརླག་པར་གནས་པ་རེད། དེ་དང་ལྷན་མི་རབས་རྒན་པ་རྣམས་ཀྱིས་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་ཚུན་ཆད་མ་བརྗེད་པར་གཞོན་པ་ཚོར་བརྒྱུད་སྤྲོད་བྱེད་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ལ་འབད་བརྩོན་བྱེད་དགོས་རེད། ཅེས་དང།
ཡང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོ་བོད་རིགས་རྣམས་ཀྱིས་རྒྱུན་དུ་མ་རྒན་སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་རྒྱག་སྲོལ་ཡོད་པ་ལྟར། སེམས་ཅན་ཐམས་ཅད་ལ་སོ་སོའི་ཚེ་འདིའི་མ་ལྟར་རྩ་ཆེན་པོར་རྩིས་ཏེ་དེ་ལ་དྲིན་གསབ་ཐུབ་ཐབས་ཤིག་དང། དེ་ལྟར་མ་བྱུང་ན་གནོད་པ་མ་བྱེད་པའི་བོད་པའི་གོམས་གཤིས་བཟང་པོ་ཡོད་པ་དེར་བློ་གཟུ་བོར་གནས་ཏེ་རྒྱ་རིགས་ཀྱིས་གཙོས། འཛམ་གླིང་གི་མི་རིགས་མང་པོ་ཞིག་ནས་དོ་སྣང་དང་ཡི་རང་བསྔགས་བརྗོད་བྱེད་ཀྱི་ཡོད། ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་དེའི་འབྱུང་ཁུངས་གཙོ་བོ་བོད་ཀྱི་ནང་པའི་ཆོས་ཆགས་ཡོད་སྟབས། བོད་མི་ཚོས་དེང་དུས་ཀྱི་ཤེས་ཡོན་ཐོག་དོ་སྣང་བྱས་པ་དང་ལྷན་ཤིན་ཏུ་རིན་ཐང་ཆེ་བའི་ནང་ཆོས་ལ་དོ་སྣང་དང་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། བོད་ཀྱི་སངས་རྒྱས་པའི་ཆོས་ལ་རྒྱ་རིགས་ནང་ནས་ཀྱང་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ང་རང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་བོད་པའི་གོམས་གཤིས་དེ་སེམས་པ་བཟང་པོ་བྱེད་རྒྱུ་ཡོད་པ་ཞིག་ཡོང་གི་ཡོད། དེ་ཧ་ཅང་གི་རྩ་ཆེན་པོ་རེད། དེ་སྡུག་ཏུ་འགྲོ་རྒྱུ་མེད། དངུལ་ལ་དགའ་པོ་བྱས་ཏེ་གང་ཙམ་ནས་མགོ་བདེ་པོ་དང། ཧམ་པ་ཤོད་རྒྱུ། རྫུན་གཏམ་ཤོད་རྒྱུ་སོགས་བྱས་ན་ང་ཚོའི་རིན་ཐང་བརླག་འགྲོ་གི་རེད། དེར་བརྟེན་དེང་དུས་ཀྱི་ཤེས་ཡོན་ཡར་རྒྱས་བཏང་བ་དང་ཆབས་ཅིག ང་རང་ཚོ་བོད་རང་གི་གོམས་གཤིས་དང་རིག་གཞུང་བྱམས་བརྩེ་ཞེས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་མ་བརྗེད་པ་བྱོས། ང་རང་ཚོ་བོད་རིགས་བརྒྱ་ཆ་དགུ་བཅུ་གོ་གྲངས་ཤིག་ནང་ཆོས་ལ་དད་པ་ཡོད་མཁན་ཆགས་ཡོད། འོན་ཀྱང་ནང་ཆོས་ཀྱི་དད་པ་དེ་ཕ་མེས་ནས་གོམས་གཤིས་ཡོད་པའི་དད་པ་ཞིག་མ་གཏོགས་ཆོས་སློབ་སྦྱོང་བྱེད་རྒྱུར་དོ་སྣང་དེ་ཙམ་མེད་པ་ལྟ་བུ་ཞིག་ཡོང་གི་འདུག དེ་ང་ཚོའི་རྗེས་ལུས་རེད། ང་ཚོ་བོད་རིགས་དང་། རྒྱ་རིགས། ཐེ་ལེན་ཌི་སོགས་ང་ཚོ་ནང་པ་ཚང་མར་ངོས་ཀྱིས་འདི་ལྟར་ཤོད་ཀྱི་ཡོད། ང་ཚོས་དུས་རབས་ ༢༡ པའི་ནང་པ་བྱེད་དགོས། དེའི་དོན་ནི་ནང་པའི་ཆོས་ཀྱི་འགྲོ་སྟངས་ཇི་ལྟར་ཡིན་པ་ཞིག་སློབ་སྦྱོང་བྱས་ཏེ་ཤེས་པའི་སྒོ་ནས་ནང་ཆོས་ལ་དད་པ་བྱེད་དགོས་ཀྱི་རེད། ངའི་ཕ་མའམ་ངའི་ཁྱིམ་ཚང་ནང་པ་རེད་ཅེས། ང་སངས་རྒྱས་ལ་སྐྱབས་སུ་མཆི། ཆོས་ལ་སྐྱབས་སུ་མཆི། དགེ་འདུན་ལ་སྐྱབས་སུ་མཆི་ཟེར་གྱི་ཡིན་ཞེས་པ་དེ་ལྟར་མིན་པར། སངས་ཀྱི་ཆོས་ཞེས་པ་དེ་སློབ་སྦྱོང་བྱས་ཏེ་གནད་འགག་ཤེས་པའི་ཐོག་ནས་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱས་ན། དེ་ནི་ཤེས་ནས་ཐོབ་པའི་དད་པ་ཆགས་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོས་སངས་རྒྱས་པའི་ཆོས་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ནམ་རྒྱུན་འདི་ལྟར་ཤོད་ཀྱི་ཡོད། ང་ཚོར་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཙམ་ཡོདཔ་རྣམས་ཀློག་དེབ་ཀྱི་ངོ་བོར་བཟུང་སྟེ་སློབ་སྦྱོང་བྱེད་དགོས་པ་ཡིན། ང་ཚོས་བཀའ་འགྱུར་བསྟན་འགྱུར་གྱི་དཔེ་ཆ་དེ་དག་ཕྱག་མཆོད་འབུལ་བྱེད་ས་ཞིག་ལ་རྩིས་ཏེ་མ་བཞག་པར། པོ་ཏི་གསུམ་བརྒྱ་ལྷག་ཙམ་ཡོད་པ་དེར་ང་ཚོས་ཀློག་དེབ་ཀྱི་འདུ་ཤེས་བཞག་སྟེ་སློབ་སྦྱོང་བྱེད་དགོས། ཞེས་ངོས་ཀྱིས་དུས་རྟག་ཏུ་ཤོད་ཀྱི་ཡོད། ང་ཚོ་ནང་པ་ཚང་མས་སློབ་སྦྱོང་བྱས་ཏེ་མཁས་བཙུན་བཟང་གསུམ་ལྡན་པ་ཞིག་དང། སློབ་སྦྱོང་བྱེད་རྒྱུའི་སློབ་དེབ་དེ་ཡང་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ཙམ་ཡོད་པ་དེ་དག་ང་ཚོས་སློབ་སྦྱོང་བྱེད་རྒྱུའི་ཀློག་དེབ་ཀྱི་འདུ་ཤེས་བྱས་ཏེ་བསླབ་དགོས་རེད་ཅེས་བཤད་ཀྱི་ཡོད། དེ་ལྟར་བྱུང་ན་དངོས་གནས་དྲང་གནས་ཀྱི་བོད་མི་རིགས་རྣམས་དངོས་གནང་འཛམ་གླིང་འདིའི་སྟེང་བཟང་པོའི་ཡོན་ཏན་མིག་དཔེ་འཇོག་ས་ཞིག་ཏན་ཏན་ཡོང་ཐུབ་ཀྱི་རེད། ད་ལྟ་ཡིན་རུང་ཡོད་པ་ལྟ་བུ་རེད། ད་དུང་ཡིན་ནའང་ང་ཚོ་སློབ་སྦྱོང་ཡོད་པའི་ཐོག་ནས་བཟང་པོའི་ཡོན་ཏན་དེ་དག་མུ་མཐུད་དེ་སྤེལ་ཐུབ་པ་ཞིག་དང། དེ་ཡང་སོ་སོའི་མི་རིགས་ཙམ་མ་མིན་པར་འཛམ་གླིང་ཀུན་ལ་ནང་ཆོས་སྤེལ་རྒྱུའི་སྐད་ཆ་མ་རེད། བཟང་པོའི་ཡོན་ཏན་ཞེས་པ་དེ་སྤེལ་ཐུབ་པ་ཏན་ཏན་ང་ཚོས་བྱེད་ཐུབ་ཀྱི་རེད། དཔེར་ན། ངོས་རང་ཆ་བཞག་ན་འཛམ་གླིང་ས་ཁུལ་མང་པོར་སླེབས་ཀྱི་ཡོད། ངོས་ཀྱིས་དུས་རྟག་ཏུ་སེམས་པ་བཟང་པོ་བྱེད་དགོས་ཞེས་བཤད་པ་ལས་ནང་ཆོས་བྱེད་དགོས་རེད་ཅེས་ནམ་ཡང་ཤོད་ཀྱི་མེད། སོ་སོའི་ཕ་མེས་ཀྱི་ཆོས་དེ་གལ་ཆེ་གི་རེད། སེམས་པ་བཟང་པོ་བྱེད་དགོས་པ་དང། མི་ལ་ཕན་ཐོགས་དགོས་པ་དེ་ཆོས་ལུགས་ཚང་མའི་ནང་ཡོད། ཁྱེད་རང་ཚོ་ཚང་མས་སྔོན་ལ་སོ་སོའི་བཟང་པོའི་ཡོན་ཏན་ལ་དོ་སྣང་དང་ཉམས་ལེན་བྱེད་དགོས། དེ་ནས་སོ་སོའི་གྲོགས་པོ་ངོ་ཤེས་ཚོར་སེམས་པ་བཟང་པོ་བྱེད་རྒྱུ་གལ་ཆེན་པོ་ཡིན། སེམས་པ་བཟང་པོ་བྱས་ན་སེམས་སྐྱིད་པ་དང་ལུས་བདེ་བ་ཡོང་གི་ཡོད་པ་འགྲེལ་བཤད་བརྒྱབ་ན། མི་གཅིག་ནས་གཉིས། གཉིས་ནས་བཅུ། བཅུ་ནས་བརྒྱ་སྟོང་ཁྲི་འབུམ་བཅས་འགྲོ་གི་རེད། མིའི་སྤྱི་ཚོགས་ནང་འགྱུར་བ་འགྲོ་རྒྱུ་དེ་མི་གཅིག་གིས་འགོ་ཁྲིད་པའམ་གསར་གཏོད་བྱས་ཏེ་འགྲོ་དགོས་པ་ཞིག་རེད། འཛམ་གླིང་འདིའི་སྟེང་དྲང་བདེན་ཞེས་པ་ནི་རང་བཞིན་གྱི་དུད་འགྲོ་ཡིན་ནའང་དགའ་པོ་བྱེད་རྒྱུ་ཞིག་རེད་ལ། དྲང་པོ་བྱེད་རྒྱུ་ནི་མིའི་ཡོན་ཏན་གཙོ་བོ་གཅིག་རེད། དེར་བརྟེན་ཁྱེད་རང་ཚོ་མགོ་དང་ཁ་བདེ་པོ་བྱེད་མཁན་རྣམས་གནས་སྐབས་ཕྲན་བུ་གྲ་སྒྲིག་པོ་ཡོང་སྐབས་དེར་ཡིད་སྨོན་ཏེ་སོ་སོས་མགོ་བདེ་དྲན་འཕྲུལ་བྱེད་རྒྱུ་དང། རྫུན་གཏམ་ཤོད་རྒྱུ་སོགས་བྱས་ན་སོ་སོ་ཕུང་གི་ཡོད། ཤེས་སོང་ངམ། ཕུགས་རྒྱང་རིང་པོའི་ཁེ་ཕན་ཆེད་དྲང་པོ་དང་ཕྱི་གསལ་ནང་གསལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་ཁྱེད་རང་ཚོས་སེམས་ལ་ངེས་པ་བྱོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།།