༢༠༡༢ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ལེ་གྷ་ཊམ་(legatum Institute) བསྟི་གནས་ཁང་གི་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་བཟང་སྤྱོད་བརྒྱུད་འཛམ་གླིང་གི་གནས་སྟངས་བཟང་དུ་གཏོང་ཐབས། (Ethics for a More Prosperous World) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། ལྷན་ཚོགས་དེའི་སྐབསདཔལ་འབྱོར་དང། ཆབ་སྲིད། ཁྲིམས། གསར་འགོད་པ་སོགས་ལས་རིགས་འདྲ་མིན་གྱི་ཆེད་ལས་པ་བཅས་མཉམ་ཞུགས་གནང་ཡོད།
དེ་ཡང་ཐོག་མར་བསྟི་གནས་ཁང་གི་ཚོགས་གཙོ་དང་འཛིན་སྐྱོང་འགན་འཛིན་གཅིག་ལྕོགས་སྐུ་ཞབས་ཇེ་ཕི་རི་གྷེ་ཌི་མིན་(Jeffrey Gedmin)མཆོག་གིས་ཚོགས་བཅར་བ་རྣམས་ལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ངོ་སྤྲོད་གནང་བ་དང་ལྷན། ཁོང་ནས་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་འཇིག་རྟེན་སྤྱི་ལ་སྨན་པའི་བཟང་སྤྱོད། (Beyond Religion – Ethics for a Whole World) ཞེས་པའི་དཔེ་དེབ་དེས་ཁོང་གི་ཡིད་འཕྲོག་བྱུང་། ཞེས་གསུངས།
ཕྱོགས་མཚུངས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་མཚུངས་ཆགས་ཡོད། ང་ཚོར་དེང་སྐབས་འཕྲད་བཞིན་པའི་འཛམས་གླིང་གི་དཀའ་ངལ་ཉུང་དུ་གཏོང་དགོས་པ་དེ་དག་འཛམ་གླིང་ནང་གི་འགྲོ་བ་མི་རིགས་ཚང་མར་གཅིགས་མཚུངས་སུ་འཕྲད་བཞིན་པའི་དཀའ་ངལ་ཞིག་ཡིན་པར་བརྟེན། ང་ཚོས་མི་དང་མི་ཕན་ཚུན་གོ་རྟོགས་སྤེལ་བ་བརྒྱུད་དཀའ་ངལ་དེ་དག་སེལ་ཐབས་བྱེད་དགོས། གང་ཡིན་བརྗོད་ན་ང་ཚོ་སྤྱི་ཚོགས་ལ་རྟེན་པའི་སེམས་ཅན་ཞིག་ཡིན་སྟབས། ཕན་ཚུན་གོ་རྟོགས་སྤེལ་བ་བརྒྱུད་ཕྱར་གྲུ་མཉམ་འདེགས་ཐོག་ནས་ལས་དོན་བསྒྲུབ་རྒྱུ་ཡིན་པ་དེ་ཆོས་ཉིད་ལྟ་བུ་ཡིན། ང་ཚོས་རང་དོན་ཙམ་མ་ཟད། གཞན་དོན་ཆེད་བསམ་བློ་གཏོང་དགོས། ངོས་རང་ད་ལྟ་ལོ་ ༧༧ ལ་བསླེབས་ཡོད། ངོས་རང་ལོ་ ༡༦ སྐབས་རང་དབང་བརླགས་སོང། དེ་ནས་རང་ལོ་ ༢༤ སོན་སྐབས་ལུང་པ་ཤོར་བ་རེད། ངོས་རང་སྐྱེས་ནས་མི་རིང་བར་རྒྱ་ནག་དང་ཉི་ཧོང་དབར་དམག་འཐབ་བྱུང་བ་དང། དམག་ཆེན་གཉིས་པའི་དུས་སྐབས་ཁེལ་ཏེ་ཀོ་རི་ཡ་དང་ཝེ་ཐི་ནམ་དམག རྒྱ་གར་དང་པ་ཀི་སི་ཐན་དུམ་བུར་བགོས་པའི་རྩོད་རྙོག་སོགས་ངོས་ཀྱི་མི་ཚེའི་ནང་དྲག་སྤྱོད་ཤུགས་ཆེ་དངོས་སུ་མཐོང་ཡོད། དུས་རབས་ ༢༠ ནང་ཚན་རིག་དང་འཕྲུལ་རིག་ཐོག་ཡར་རྒྱས་ཧ་ལས་པ་བྱུང་ཡོད་ནའང། དུས་རབས་དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཀྱང་ཆགས་ཡོད།
དེར་བརྟེན་དུས་རབས་ ༢༡ དེ་བཞིན་མི་འདྲ་བ་ཞིག་དགོས་ཚེ་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ལ་འགྱུར་བ་བཏང་སྟེ་བཟང་སྤྱོད་ཀྱི་ཐབས་ལམ་ལ་གཞི་བཅོལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་འདྲ་ཞིག་ཡོང་བར་ཤེས་ཡོན་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེང་སྐབས་ང་ཚོས་རྣམ་དཔྱོད་བེད་སྤྱོད་ཐོག་འགྲོ་བ་མིའི་གཞི་རིམ་གྱི་བཟང་སྤྱོད་གོང་མཐོར་གཏོང་དགོས་པའི་དུས་ལ་བབ་ཡོད། དེ་འདྲ་ཞིག་བྱུང་ཚེ་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཆགས་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་བ་མ་ཟད།
རྒྱ་ནག་དང་འབྲེལ་བའི་སྐོར་ལ་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། རྒྱ་མི་རིགས་ཚོ་ལས་ལ་བརྩོན་བཞིན་རྒྱུ་མཚན་ཤོད་ས་ཡོད་མཁན་གྱི་མི་རིགས་ཤིག་ཡིན་པ་དང། དམར་ཤོག་གི་ལྟ་གྲུབ་ནི་ཨེ་ཤི་ཡ་ནས་བྱུང་བ་ཞིག་མིན་པར་ནུབ་ཕྱོགས་སུ་ཟོ་གྲྭའི་གསར་བརྗེ་ཆེན་མོའི་ཡོ་ལངས་འོག་ལས་མི་མང་ཚོགས་རྣམས་ལ་ཟོ་གྲྭའི་བདག་པོ་འབྱོར་ལྡན་པ་ཚོས་བཤུ་ཞོག་ཧ་ཅང་བཏང་བར་བརྟེན། རིམ་བཞིན་བྲལ་རིམ་འཐབ་རྩོད་ཀྱི་བསམ་བློར་གཞི་བཅོལ་ནས་དར་འཕེལ་བྱུང་བ་ཞིག་ཡིན། ཞེས་བཀའ་སྩལ་བ་མ་ཟད། མགོན་པོ་གང་ཉིད་མཆོག་སྐུ་ན་ཕྲ་བའི་སྐབས་མར་ཁེ་སིའི་ (Marxist) ལམ་ལུགས་ནང་ཐོབ་ཐང་རྣམས་དབུལ་ཕྱུག་དབར་དབྱེ་བ་མེད་པར་འདྲ་མཉམ་ཐོག་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་དེར་ཧ་ཅང་ཡིད་སྨོན་མཛད་བཞིན་ཡོད་པ་དང། ཕྱི་ལོ་ ༡༩༤༠ །༡༩༥༠ ནང་གི་རྒྱ་ནག་དམར་ཤོག་གི་བྱེད་སྟངས་དེ་དངོས་གནས་མི་མང་ལ་ལྷག་བསམ་རྣམ་དག་གི་ཕན་པ་བསྒྲུབ་པའི་བསམ་བཅོས་མིན་ཞིག་ཡོད་པ་ལྟ་བུ་༸གོང་ས་མཆོག་ལ་ཚོར་སྣང་བྱུང་གནང་མཛད་ཡོད་པ་དང། འོན་ཀྱང་ཕྱི་ལོ་ ༡༩༥༦ ཙམ་ནས་རྒྱ་ནག་གུང་ཁྲན་རིང་ལུགས་ནང་ཁུལ་ལྐོག་ཟ་དང་བཟང་སྤྱོད་ཉམས་ཆགས་ཕྱིན་པར་བརྟེན་ཉམས་རྒུད་ཕྱིན་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན། སྐུ་ཞབས་ཇེ་ཕི་རི་གྷེ་ཌི་མིན་ལགས་ཀྱིས་༸གོང་ས་མཆོག་དང་དྲི་བ་དྲིས་ལན་གནང་ཡོད། ལས་རིམ་དེ་བརྙན་འཕྲིན་ནང་ཐེ་ཀར་རྒྱང་སྲིངས་ཞུས་ཡོད། ཕྱི་ཉིན་དེར་༸གོང་ས་མཆོག་རྒྱ་གར་དུ་ཆིབས་ཞལ་བསྒྱུར་ཡོད། ཐེངས་འདིར་༸གོང་ས་མཆོག་གིས་ཨ་རི་དང་ཨིན་ཡུལ་ཁུལ་གྱི་མཛད་འཕྲིན་སྐབས་གཙུག་ལག་སློབ་གྲྭ་དགུ་དང་མང་ཚོགས་འདུ་འཛོམས་སོགས་ཁྱོན་མི་གྲངས་ ༧༣༠༠༠ བརྒལ་བར་བཀའ་ཆོས་དང་བཀའ་སློབ་སོགས་སྩལ་ཡོད་པ་བཅས།།