༢༠༡༢ ཟླ་ ༡༠ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་ཉིན་བཞི་པར་དད་ལྡན་ཆོས་ཞུ་བ་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་དང་བྱང་ཆུབ་སེམས་བསྐྱེད། སྨན་བླའི་རྗེས་གནང་། བཀའ་ཆོས་འཕྲོས་སྐྱོང་མཛད་དེ་བཀའ་སློབ་སྩལ་དོན། ཁ་སེང་ཁ་ཉིན་གྱི་གསུང་ཆོས་དེ་ལེགས་སྦྱར་སྤྲད་པ་ལྟ་བུ་ཡིན་སྟབས། བླ་མ་དང་སློབ་མའི་འདུ་ཤེས་འཇོག་དགོས་དོན་མེད། དེ་རིང་ཆོས་འབྲེལ་བླ་སློབ་ཀྱི་འབྲེལ་བ་ཆགས་ཀྱི་ཡོད་པས། དམ་ཚིག་ཡག་པོ་ཞིག་དགོས། དེར་བརྟེན་བར་སྐབས་ནས་བོད་པའི་ནང་དང་ཕྱི་རྒྱལ་གང་དུ་ཡིན་རུང་། ངོས་ཀྱིས་ཤོད་ཀྱི་ཡོད། ཤུགས་ལྡན་བསྟེན་མཁན་གྱི་གྲས་དེ་དམ་ཚིག་གཙང་མ་ཆགས་ཀྱི་མེད། ༸གོང་ས་ལྔ་པ་ཆེན་པོས། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། ཞེས་གསུངས་ཡོད། ངོས་ཀྱིས་ཐོག་མར་གནས་ཚུལ་ཡག་པོ་མ་ཤེས་པའི་དབང་གིས་བསྟེན་པ་རེད།
རྗེས་སུ་གནས་ཚུལ་ཆ་ཚང་ཤེས་ཡོང་སྐབས་ཡག་པོ་མི་འདུག དེར་བརྟེན་ངོས་ཀྱིས་དངོས་ཡོད་གནས་ཚུལ་ཤོད་ཀྱི་ཡོད། ཧ་ལམ་བོད་མི་བརྒྱ་ཆ་ ༩༩ ནས་ངོས་ཀྱིས་བཤད་པར་ཡིད་ཆེས་དང་རྒྱུ་མཚན་མཐོང་གི་ཡོད། ཉུང་ཤས་ཤིག་གི་རྒྱུ་མཚན་མ་མཐོང་བ་ཡིན་ནའང་འདྲ། རྒྱུ་མཚན་མཐོང་བཞིན་དུ་ཁྱད་གསོད་བྱས་པ་ཡིན་ནའང་འདྲ། གང་ལྟར་རྒྱ་རིགས་དང་ཐེ་ཝན་ནང་ལ་དེ་འདྲ་འདུག གལ་སྲིད་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཡོད་ན། ཡང་ན་མཚམས་འཇོག་བྱེད་དགོས། ཡང་ན་ངོས་ཀྱི་མདུན་ནས་དབང་ཞུ་རྒྱུའི་གྲས་དེ་བྱེད་རྒྱུ་མེད། དེ་བཞིན་འདི་ལོའི་ཁྱེད་རྣམས་ཐེ་ཝན་ནས་ཆོས་ཉན་པར་ཡོང་མཁན་དོན་གཉེར་ཅན་ཚོའི་ཆོས་འབྲེལ་བྱེད་རྒྱུ་དེ་ལེགས་པར་གྲུབ་ཟིན། ཁྱེད་རང་ཚོ་ཐེངས་ཁ་ཤས་ཡོང་མཁན་དག་ལོ་རེ་ལོ་རེ་གནས་ཚད་གང་ཙམ་མཐོ་རུ་འགྲོ་བ་བྱེད་དགོས། ཁྱེད་རང་ཚོ་གཅིག་པུར་ཤོད་ཀྱི་མེད་ཀྱང་། ལོ་རེ་ཆུ་ཚད་ཕྲན་བུ་མཐོ་རུ་འགྲོ་གི་ཡོད་པའི་བསམ་བློ་གཏོང་དགོས། ནང་པའི་ཆོས་གཅིག་པུ་མ་རེད། ཆོས་ལུགས་ག་རེ་ཡིན་ཡང་སྤུས་དག་པོ་བྱེད་དགོས། ལུགས་སྲོལ་ལྟ་བུའི་ཐོག་ཕྱིན་ན་སྤུས་དག་པོ་ཡོང་གི་མ་རེད། གང་ལྟར་སེམས་ལ་འགྱུར་བ་ཐེབས་རྒྱུ་ཡོད་པ་དེ་ཁྱེད་རང་ཚོར་ངོས་ཀྱིས་ཉམས་མྱོང་གི་ཐོག་ནས་ཁས་ལེན་བྱེད་ཐུབ་ཀྱི་རེད། སེམས་ལ་འགྱུར་བ་ཕྱིན་པའི་འབྲས་བུར་མི་ཚེ་སྐྱིད་པ་ཡོང་གི་རེད། དེ་བཞིན་སེམས་ལ་འགྱུར་བ་ཕྱིན་པའི་འབྲས་བུར་ཕྱིན་ཆད་བདེ་བ་ཅན་གྱི་ཞིང་ལ་སྐྱེ་རྒྱུ་ཡོང་གི་རེད། མདོ་ཀློག་པ་གཅིག་པུས་བདེ་བ་ཅན་དུ་སྐྱེ་གི་ཡོད་པ་ཤེས་ཀྱི་མེད། ཁ་ནས་མདོ་ཀློག་སེམས་ནས་ཆགས་སྡང་དང་གཡོ་སྒྱུ་ཁོ་ནའི་ཐོག་ཕྱིན་ན་ཕན་ཐོགས་མེད། དེ་བཞིན་བརྟན་བཞུགས་གནང་རྒྱུའི་ཆོ་ག་དེར་རྡོ་རྗེ་བྲག་རིག་འཛིན་དཔལ་སྦྱིན་གྱི་གསུང་དང་། སྨིན་གྲོལ་གླིང་གི་གཏེར་བདག་གླིང་པ་རིག་འཛིན་འགྱུར་མེད་རྡོ་རྗེ་གཉིས་པོ་དེ་༸གོང་ས་ལྔ་པ་ཆེན་པོའི་གསང་བ་རྒྱ་ཅན་གྱི་ཆོས་བདག་གཙོ་བོ་ཆགས་ཡོད། གསང་བ་རྒྱ་ཅན་གྱི་དབང་ལུང་མན་ངག་ཁྲིད་དེ་ནས་མར་བརྒྱུད་ཡོད་པ་ཞིག་ཆགས་ཡོད། ཐུན་མོང་དུ་འབྲེལ་བ་ཡོད་པ་ཞིག་རེད། ཅེས་བཀའ་སློབ་སྩལ་ཡོད། །