༢༠༡༢ ཟླ་ ༡༠ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༩ ཉིན་ཨ་རིའི་ནིའུ་ཡོཀ་མངའ་སྡེའི་(Syracuse University)སེ་ར་ཁུ་སི་གཙུག་ལག་སློབ་གཉེར་ཁང་དུ་གསར་འགོད་ལྷན་ཚོགས་ཐོག་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེའི་ནང་གཡོལ་ཐབས་མེད་པའི་འགན་ཁུར་གསུམ་ཡོད་ཁོངས་ནས་དང་པོ། མགོན་པོ་གང་ཉིད་མཆོག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དང་། གཉིས་པ། ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་བཅས་ཀྱི་སྐོར་བཀའ་སློབ་སྩལ་དང་ཆབས་ཅིག་འགན་ཁུར་གསུམ་པའི་ཐོག་བཀའ་སློབ་ཕེབས་དོན། དེ་རིང་ངོས་རང་འདི་གར་འབྱོར་ནས་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཐོག་མར་ངོས་ཀྱིས་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། དེ་སྔ་ཡིན་ན་ངོས་རང་གི་འགན་ཁུར་གསུམ་པ་དེ་བོད་ཀྱི་གནད་དོན་ཆགས་ཡོད། འོན་ཀྱང་སྔ་ལོ་ནས་ངོས་རང་ཆབ་སྲིད་ཀྱི་ལས་གནས་ནས་རྒན་ཡོལ་ཆ་ཚང་བྱས་པ་ཡིན། ལོ་ངོ་བཅུ་གཅིག་སྔོན་ནས་ང་ཚོའི་ཆབ་སྲིད་ཀྱི་འགོ་ཁྲིད་མི་མང་ནས་ཐད་ཀར་འོས་འདེམས་བྱས་ནས་བསྐོ་རྒྱུ་འགོ་འཛུགས་བྱས་ཡོད། དུས་དེ་ནས་བཟུང་ངོས་རང་ཕྱེད་རྒན་ཡོལ་གྱི་གནས་སྟངས་ཐོག་བསྡད་པ་ཡིན། ད་ཆ་རྒན་ཡོལ་ཆ་ཚང་བྱས་ཟིན། དེ་ཡང་ངོས་རང་གཅིག་པུ་རྒན་ཡོལ་མིན་པར་ཏཱ་ལའི་བླ་མའི་བླ་བྲང་ལ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབང་ཆ་ལོ་ངོ་བརྒྱ་ཕྲག་ནས་ཡོད་པ་དེ་བཞིན་ངོས་ཀྱིས་དགའ་ཞིང་སྤྲོ་ཞིང་དང་བླངས་ཐོག་ནས་མི་མང་གིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་པ་ཡིན། ངོས་རང་ནང་པའི་དགེ་འདུན་པ་ཞིག་ཡིན་པའི་ཆ་ནས་བོད་རིགས་དང་རྒྱ་རིགས། ཐེ་ལན། ཉི་ཧོང་། སི་རི་ལངྒ་། འབར་མ་བཅས་ཀྱི་ནང་པ་ཚོས་དབུས་དེང་སྐབས་འཛམ་གླིང་འདིའི་སྟེང་ཡོད་པའི་ནང་པའི་ཆོས་ཁས་ལེན་བྱེད་མཁན་ཚོས་དུས་རབས་ཉེར་གཅིག་གི་ནང་པ་ཚད་ལྡན་ཡོང་ཐབས་ལ་འབད་དགོས་ཞེས་བརྗོད་ཀྱི་ཡོད། གང་ལ་ཞེ་ན། ནང་པ་ཁག་གཅིག་གིས་ཆོས་ཀྱི་སྙིང་པོར་དོ་སྣང་དེ་ཙམ་མ་བྱས་པར་ཆོ་ག་ཕྱག་ལེན་དོ་སྣང་བྱེད་བཞིན་འདུག ལྷག་པར་འགའ་ཤས་ཀྱིས་རང་ཉིད་ནང་པ་ཡིན་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་ནང་པའི་ཆོས་ག་རེ་བྱས་ནས་ཁས་ལེན་བྱེད་བཞིན་ཡོད་དམ་ཞེས་དྲིས་སྐབས། ཕ་མ་ནང་པ་རེད་ཅེས་བརྗོད་ཀྱི་འདུག་པས་དེ་རྒྱུ་མཚན་ཡང་དག་མིན། གང་ལྟར་ང་ཚོས་ཆོས་ཁས་ལེན་བྱེད་མིན་ནི་སོ་སོའི་རང་དབང་རེད། ཆོས་ཁས་ལེན་བྱས་ཟིན་རྗེས་ངེས་པར་དུ་ཉམས་ལེན་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད།
དེ་ཡང་ཉམས་ལེན་བྱེད་པར་ཐོག་མར་ཆོས་ཤེས་པར་བྱེད་དགོས་ཀྱི་ཡོད་སྟབས། ང་ཚོ་ནང་པ་ཚོས་དུས་རབས་ཉེར་གཅིག་གི་ནང་པ་ཚད་ལྡན་ཞིག་ཡོང་ཐབས་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་གྲུབ་མཚམས་གསར་འགོད་པར་ཚོར་དྲི་བའི་གོ་སྐབས་གསོལ་རས་སྩལ་བ་ལྟར། གསར་འགོད་པ་ཞིག་གིས་ད་ཆ་བོད་ནང་གི་བོད་མི་ལྔ་བཅུ་ང་བཞིས་རང་ལུས་མེར་སྲེག་བཏང་སྐོར་དྲི་བ་འབུལ་ལམ་ཞུས་པར་མགོོན་པོ་གང་ཉིད་མཆོག་གིས་བཀའ་ལན་ཕེབས་དོན། རྩ་བའི་གནད་དོན་དེ་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན། ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་ཟིན་པ་ལྟར། དུས་ནས་དུས་སུ་ཆབ་སྲིད་ཀྱི་འགོ་ཁྲིད་དེས་ང་ཚོའི་ལངས་ཕྱོགས་སྐོར་གསལ་བཤད་བྱེད་ཀྱི་ཡོད། འོན་ཀྱང་ངོས་ཀྱིས་ཐོག་མ་ནས་སེམས་སྐྱོ་དགོས་པའི་གནད་དོན་ཐོག་རྒྱ་ནག་གཞུང་གི་སྲིད་བྱུས་ནོར་འཁྲུལ་ཡིན་པའི་རྟགས་མཚན་རེད་ཅེས་བརྗོད་ཀྱི་ཡོད། ད་ཆ་རྒྱ་ནག་གཞུང་ཕྱོགས་ནས་དེ་སྔོན་ཧུའུ་ཡོ་པང་གིས་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཡིན་སྐོར་བརྗོད་ཡོད་པ་བཞིན་གནད་དོན་དེ་དག་གི་འབྱུང་རྐྱེན་ཞིབ་འཇུག་ནན་པོ་བྱེད་དགོས་པ་མ་ཟད། ཏེང་ཞའོ་ཕིང་གིས་བརྗོད་པ་ལྟར། བདེན་པ་བདེན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས། ཞེས་བཀའ་ལན་སྩལ་ཡོད།
ཡང་གསར་འགོད་པ་ཞིག་གིས་མི་རབས་གཞོན་པ་ཚོས་བོད་དོན་ལ་རྒྱབ་སྐྱོར་གང་འདྲ་བྱེད་དགོས་སྐོར་དྲི་བ་འབུལ་ལམ་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་དོན། ཨ་རིས་གཙོས་ཡུ་རོབ་བཅས་སུ་བོད་རང་དབང་སློབ་ཕྲུག་ཚོགས་པས་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད་སྟབས། ཐོག་མར་བོད་ཀྱི་དངོས་ཡོད་གནས་སྟངས་མང་ཚོགས་ལ་གསལ་བཤད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ལྷག་པར་ཨ་རི་ལྟ༌བུའི་ནང་རྒྱ་ནག་ནས་ཡིན་པའི་སློབ་ཕྲུག་མང་དག་ཅིག་ཡོད་པར་བརྟེན། ཁོང་ཚོར་གནད་དོན་དེ་དག་གསལ་བཤད་བྱེད་ཐུབ་ན། ཕན་ཐོགས་ཡོད། ཅེས་བཀའ་ལན་སྩལ་ཡོད་པ་བཅས། །