༢༠༡༢ ཟླ་ ༡༠ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་བྱང་ཆུབ་ལམ་སྒྲོན་གྱི་ཆོས་འབྲེལ་ཉིན་གཉིས་པའི་སྐབས་བླ་མའི་མཚན་ཉིད་གང་ཡིན་གསལ་པོ་ཤེས་པ་བྱ་རྒྱུ་གལ་ཆེན་ཡིན་སྐོར་ལམ་སྟོན་བཀའ་སློབ་སྩལ་དོན། ཆོས་ལ་དད་པ་ཡོད་མཁན་ཚོས་རང་ཉིད་ཀྱིས་ཆོས་ཞུ་སའི་བླ་མའི་མཚན་ཉིད་གང་ཡིན་དང་བླ་མར་བརྟག་དཔྱད་གསལ་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བླ་མ་མཚན་ཉིད་ཚང་བ་ཞིག་མ་བྱུང་ན་ཡག་པོ་མེད། ལོ་བཅོ་ལྔའི་གོང་ལ་རེད། རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པའི་རྒྱ་མི་ཞིག་གིས་ངོས་ལ་འདི་ལྟར་བརྗོད་བྱུང་། བོད་ནས་ཆོས་ཀྱི་རྒྱལ་པོ་ཡིན་བརྗོད་མཁན་དེ་འདྲ་ཡོང་གི་འདུག རྒྱ་ནག་མི་མང་ནང་ཆོས་ལ་དད་པ་ཡོད་མཁན་ཚོས་དེར་དད་པ་བྱེད་ཀྱི་ཡོད། གང་ཙམ་ཞིག་ནས་བླ་མ་དེ་སྐྱེས་དམན་དང་དངུལ་ཆེད་ཡོང་བ་རེད་འདུག་པས། དད་ལོག་བྱ་རྒྱུ་དེ་འདྲ་ཡོང་གི་འདུག དེར་བརྟེན་གནད་དོན་དེའི་ཐོག་ངོས་ནས་བྱ་རྒྱུ་དེ་འདྲ་ཞིག་མེད་དམ་ཞེས་བརྗོད་བྱུང། ངོས་རང་རྒྱ་གར་དུ་བཙན་བྱོལ་བྱས་ནས་བསྡད་ཡོད་པས་གང་ཡང་བྱེད་ཐབས་མེད། སྤྱིར་བཏང་ཆོས་ལ་དད་པ་ཡོད་མཁན་ཚོས་ཡིན་གཅིག་མིན་གཅིག་བླ་མའི་མཚན་ཉིད་ག་རེ་ཡོད་མེད་ཆ་ཚང་ཤེས་པ་བྱེད་དགོས། བླ་མ་ཡིན་ཞེས་བརྗོད་མཁན་དེ་འདྲ་ཡོང་གི་འདུག་ན། ལམ་སེང་དད་པ་བྱེད་དགོས་དོན་མེད། དེར་མཚན་ཉིད་ཚང་གི་ཡོད་མེད་བརྟག་དཔྱད་ཞིབ་ཕྲ་བྱེད་དགོས། གལ་ཏེ་མཚན་ཉིད་ཚང་འདུག་ན་བླ་མའི་འདུ་ཤེས་འཇོག་དགོས། གང་ལྟར་ཡག་པོ་ཞིག་བཙལ་འཚོལ་མ་བྱུང་བར་དུ་ཆོས་གྲོགས་ཀྱི་འདུ་ཤེས་བཞག་པའི་ཐོག་ནས་བགྲོ་གླེང་དང་དྲི་བ་དྲིས་ལན་བྱེད་དགོས། བླ་མའི་འདུ་ཤེས་བཞག་ནས་སྡོམ་པ་ཞུ་རྒྱུ་དེ་རིགས་བྱ་རྒྱུ་མེད། ཅེས་བརྗོད་པ་ཡིན། དེར་བརྟེན་མི་གཞན་ལ་ཆོས་འཆད་མཁན་གྱི་ངོས་ནས་རང་ཉིད་ལ་བླ་མའི་མཚན་ཉིད་ཚང་བ་ཞིག་བྱེད་དགོས་པ་དང་སློབ་མའི་ངོས་ནས་ཀྱང་བླ༌མའི་མཚན་ཉིད་ཤེས་པ་བྱེད་དགོས། དེ་བཞིན་རྟེན་འབྱུང་གི་ལྟ་བ་ཐོག་མ་ནང་པའི་ཆོས་ནས་ཐོན་ཡོད་ཀྱང་། དེའི་ཕན་ཡོན་ཚང་མར་ཡོད་པ་མ་ཟད། འཇིག་རྟེན་བྱ་བ་གང་འདྲ་ཞིག་ཡིན་རུང་རྟེན་འབྱུང་གི་ལྟ་བར་གོ་བ་ཆགས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་ལམ་སྟོན་བཀའ་སློབ་སྩལ་ཡོད། །