༢༠༡༢ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༨ ཉིན་ཨ་རིར་རྟེན་གཞི་བྱས་པའི་(Syracuse University)སེ་ར་ཁུ་སི་ཞེས་པའི་གཙུག་ལག་སློབ་གཉེར་ཁང་དུ་ཞི་བདེའི་གླེང་སྟེགས་ཀྱི་འདུ་འཛོམས་ཐོག་དབུ་བཞུགས་མཛད་དེ་མང་ཚོགས་ ༢༠༠༠ བརྒལ་བར་ལ་བཀའ་སློབ་དང་། ཕྱི་ཚེས་ ༩ ཉིན་ཨ་རིའི་ནིའུ་ཡོཀ་མངའ་སྡེའི་སེ་ར་ཁུ་སི་གཙུག་ལག་སློབ་གཉེར་ཁང་དུ་གསར་འགོད་ལྷན་ཚོགས་ཐོག་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེའི་ནང་གཡོལ་ཐབས་མེད་པའི་འགན་ཁུར་གསུམ། དེ་བཞིན་སེ་ར་ཁུ་སི་གཙུག་ལག་སློབ་གཉེར་ཁང་དུ་འཛམ་གླིང་ཞི་བདེ་དང་འབྲེལ་བའི་འཛམ་གླིང་གཅིག་(One World)ཅེས་པའི་རོལ་དབྱངས་འདུ་འཛོམས་ཐོག་བྱམས་སྙིང་རྗེ་དང་ཤེས་ཡོན་སོགས་ཀྱི་བརྗོད་གཞི་ཁག་གཅིག་ཐོག་བཀའ་སློབ་སྩལ། ཕྱི་ཚེས་ ༡༠ ཉིན་༸གོང་ས་མཆོག་གིས་ཝི་ལི་ཡམ་དང་མེ་རི་མཐོ་སློབ་ཏུ་བྱམས་བརྩེའི་སྐོར་བཀའ་སློབ་དང་།
ཕྱི་ཚེས་ ༡༡ ཉིན་ཆར་ལོ་སི་ཝི་ལིའི་ (Charlottesville) ནང་རྟེན་གཞི་བྱས་པའི་ཝིར་ཇི་ནི་ཡའི་གཙུག་ལག་སློབ་ཁང་(University of Virginia) གི་པེ་ར་མོན་ཌི་( Paramount Theatre) ཚོགས་ཁང་ཆེན་མོའི་ནང་དུས་རབས་ཉེར་གཅིག་པའི་སྨན་བཅོས་ལྟ་སྐྱོང་གི་ལམ་ལུགས་ནང་བྱམས་བརྩེའི་གལ་གནད་སྐོར། དེ་བཞིན་ཨ་རིའི་ཝར་ཇི་ནི་ཡའི་ཁུལ་གནས་སྡོད་བོད་རིགས་ཚོར་མཇལ་ཁ་དང་བཀའ་སློབ་སྩལ། ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་མགོན་པོ་གང་ཉིད་མཆོག་གིས་སློབ་གྲྭ་དེའི་དགེ་ལས་སློབ་ཕྲུག་དང་མང་ཚོགས་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བར་སེམས་ཁམས་དང་ཤེས་ཡོན་གྱི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ་མ་ཟད། མངའ་སྡེ་དེའི་ནང་གནས་སྡོད་བོད་རིགས་དང་རླུང་འཕྲིན་ཁང་གི་གསར་འགོད་པ་ཁག་གཅིག་ལ་བཀའ་སློབ་སྩལ་ཡོད། ཕྱི་ཚེས་ ༡༤ ཉིན་༸གོང་ས་མཆོག་ཨ་རིའི་མངའ་སྡེ་བྷོ་སི་ཊོན་དུ་( Boston) ༸ཞབས་སོར་བདེ་བར་འཁོད་སྐབས་ཏཱ་ལའི་བླ་མའི་བཟང་སྤྱོད་སྲུང་སྐྱོབ་ཐེབས་རྩ་ཁང་ (The Dalai Lama Center for Ethics and transformative values.)གི་འགན་འཛིན་སྐུ་ཞབས་བསྟན་འཛིན་པིར་ཡ་དར་ཤི་ནི་མཆོག་དང་ཞལ་ངོའམ་གཙུག་ལག་སློབ་གྲྭའི་སློབ་འཇུག་འགན་འཛིན་རྣམས་ཀྱིས་ཕེབས་བསུ་ཞུས་པ་དང་ཆབས་ཅིག་མགོན་པོ་གང་ཉིད་མཆོག་ལ་ཤེས་ཡོན་ཐོག་ལྟ་གྲུབ་ཇི་འདྲ་ཡིན་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་ཡོད།
ཕྱི་ཚེས་ ༡༤ ཉིན་གྱི་ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་བྷོ་སི་ཊོན་(Boston)ཁུལ་གྱི་(Marriot)མ་རི་ཊེ་མགྲོན་ཁང་དུ་མི་མང་ལ་བཟང་སྤྱོད་དང་འགྲོ་བ་མིའི་རིན་ཐང་སྐོར་ལམ་སྟོན་བཀའ་སློབ་སྩལ། ཕྱི་ཚེས་ ༡༥ ཉིན་༸གོང་ས་མཆོག་གིས་ཨ་རིའི་མེ་ས་ཆུ་སིའི་མངའ་སྡེའི་གྲོང་ཁྱེར་བྷོ་སི་ཊོན་ (Boston) ནང་རྟེན་གཞི་བྱས་པའི་མེ་ས་ཆུ་སི་འཕྲུལ་ལས་སྦྱོང་བརྡར་བསྟི་གནས་ཁང་(MIT) གི་ཀིར་སི་གི་ཚོགས་ཁང་ཆེན་མོའི་ (Kresge Auditorium)ནང་གོ་ལའི་གནམ་གཤིས་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་གོ་ལོ་བྷལ་སི་སི་ཊམ་ ༢་༠ ཞེས་པར་ (Global Systems 2.0 Forum) ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད། ཕྱི་ཚེས་ ༡༦ ཉིན་གྱི་ཕྱེད་ཡོལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མེ་སི་ཆུ་སི་མངའ་སྡེའི་གྲོང་ཁྱེར་བྷོ་སི་ཊོན་ཁུལ་གྱི་བོད་རིགས་ཚོགས་པ་དང། ཀུ་རུ་ཀུ་ལ་བོད་བརྒྱུད་ནང་བསྟན་ཤེས་ཡོན་བསྟི་གནས་ཁང་།(Kurukulla Center) དེ་བཞིན་མེ་ཌ་ཕོར་ཌི་(Medford) གྲོང་ཁྱེར་བཅས་སུ་་ཆིབས་སྒྱུར་བསྐྱངས་པ་མ་ཟད། བྷོ་སི་ཊོན་ཁུལ་དུ་གནས་སྡོད་བོད་རིགས་རྣམ་པ་དང་ས་གནས་ཀྱི་ཨ་རིའི་ཡུལ་མི་བཅས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བར་བཀའ་སློབ་སྩལ། ཕྱི་ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་༸གོང་ས་མཆོག་གིས་མངའ་སྡེ་དེའི་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་གི་འགྱུར་བ་དང་ཞི་བདེའི་རིག་གཞུང་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། དེ་བཞིན་ཕྱེད་ཡོལ་མང་ཚོགས་གསུམ་སྟོང་ལྔ་བརྒྱ་བརྒལ་བར་བྱམས་བརྩེ་སྐྲུན་ཐབས་སྐོར་བཀའ་སློབ་སྩལ། ཕྱི་ཚེས་ ༡༨ ཉིན་༸གོང་ས་མཆོག་གིས་ཨ་རིའི་ཀོ་ནེཀ་ཊི་ཀ་ཊི་མངའ་སྡེའི་ནང་གནས་སྡོད་བོད་རིགས་རྣམས་ལ་བཀའ་སློབ་སྩལ་ཡོད།
ཕྱི་ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གཙུག་ལག་སློབ་གྲྭ་དང་ཧན་ཊར་གཙུག་ལག་སློབ་གྲྭའི་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད། དེ་བཞིན་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུར་དབུ་བཞུགས་མཛད་ཡོད། ཕྱི་ཚེས་ ༢༡ ཉིན་༸གོང་ས་མཆོག་གིས་ཨ་རིའི་ནིའུ་ཡོཀ་གྲོང་ཁྱེར་(Lincoln) ལི་ཀོན་ཚོགས་ཁང་ནང་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་སློབ་དང་ཆོས་འབྲེལ་སྩལ་ཡོད།
ཕྱི་ཚེས་ ༢༣ ཉིན་གྱི་༸གོང་ས་མཆོག་གིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ལེ་གྷ་ཊམ་ (legatum Institute) བསྟི་གནས་ཁང་གི་ཚོགས་ཁང་དུ་བཟང་སྤྱོད་བརྒྱུད་འཛམ་གླིང་གི་གནས་སྟངས་བཟང་དུ་གཏོང་ཐབས། (Ethics for a More Prosperous World) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། མགོན་པོ་གང་ཉིད་མཆོག་གི་ཨ་རིའི་དང་དབྱིན་ཡུལ་གྱི་མཛད་འཕྲིན་ཁག་གྲུབ་སྟེ། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༥ ཉི་ལྡི་ལི་ནས་མཁའ་ལམ་བརྒྱུད་སྔ་དྲོ་ཆུ་ཚོད་ ༡༠ དང་ ༣༠ ཙམ་ལ་གྷ་གལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། ཆོས་རིག་བཀའ་བློན་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་སོགས་ཀྱིས་ཕེབས་བསུ་ཞུས་ཡོད། དེ་རྗེས་ཕེབས་འགྲོའི་ཐོག་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་སྐབས་གངས་སྐྱིད་དང་རྡ་སའི་མི་མང་གིས་གཙོས་དད་ལྡན་པ་རྣམས་ནས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། བཞུགས་སྒར་ཕོ་བྲང་རྒྱལ་སྒོའི་ནང་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས་མཆོག་གིས་དབུས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཕེབས་བསུ་གཟབ་རྒྱས་ཡོད་པ་བཅས། །