༢༠༡༢ ཟླ་ ༡༠ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནིའུ་ཡོཀ་གྲོང་ཁྱེར་ (Lincoln) ལི་ཀོན་ཚོགས་ཁང་ནང་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་སློབ་དང་ཆོས་འབྲེལ་སྩལ་ཡོད།
དེ་ཡང་ཁུལ་དེར་རྟེན་བྱས་པའི་ཀལ་མུཀ་ (Mongolians) ཐེབས་རྩ་ཚོགས་པས་གཙོས་ནིའུ་ཡོཀ་དང་ནིའུ་ཇར་སིའི་ཁུལ་དུ་གནས་སྡོད་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བཀའ་བཞེས་བཟང་པོ་ཐོབ་སྟེ་ནིའུ་ཡོཀ་གྲོང་ཁྱེར་གྱི་ལི་ཀོན་ཚོགས་ཁང་ནང་སོག་པོ་དང་བོད་རིགས་སོགས་ཁྱོན་མི་གྲངས་ ༤༠༠༠ བརྒལ་བར་མགོན་པོ་གང་ཉིད་མཆོག་གིས་ཐོག་མར་དབྱིན་སྐད་ཐོག་ནས་བཀའ་སློབ་དང་། དེ་ནས་ཆོས་འབྲེལ་སྩལ་གྲུབ་མཚམས་ཚོགས་ཁང་དེའི་ནང་མ་ཤོང་བར་ཕྱི་ཕྱོགས་སུ་བོད་རིགས་ ༡༠༠༠ ལྷག་ཙམ་ཆེད་བཅར་ཞུས་ཡོད་པ་རྣམས་ལ་བཀའ་སློབ་སྩལ་དོན། ཁྱེད་རང་ཚང་མར་འཚམས་འདྲི་ཡོད། དེང་སྐབས་ངོས་རང་ལ་ཆབ་སྲིད་ཀྱི་འགན་དབང་མེད་སྟབས་གནད་དོན་དེའི་ཐད་གང་ཡང་ཤོད་རྒྱུ་མེད།
འཛམ་གླིང་འདིའི་ནང་སངས་རྒྱས་པའི་ཆོས་ཀྱི་ནང་ནས་ཆ་ཚང་ཤོས་དང་སྤུས་དག་ཤོས་ཡིན་པའི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ཁག་ལ་བོད་མི་ཚོས་དམིགས་བསལ་དོ་སྣང་བྱས་ཏེ་སློབ་སྦྱོང་བྱེད་དགོས། ལྷག་པར་ཆོས་ཀྱི་སྙིང་དོན་འགྲེལ་བཤད་ཆ་ཚང་ཡོད་པའི་བོད་ཀྱི་སྐད་ཡིག་དེར་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས། ནང་པ་སངས་རྒྱས་པའི་ཆོས་ནང་སེམས་ཀྱི་རྣམ་གཞག་སྐོར་ལ་ཧ་ཅང་འགྲེལ་བཤད་ཡག་པོ་ཡོད་སྟབས། དེང་སྐབས་ཚན་རིག་པ་ཚོས་ཀྱང་ནང་ཆོས་ལ་དོ་སྣང་བྱེད་ཀྱི་འདུག གང་ལྟར་བོད་ཀྱི་ནང་པ་སངས་རྒྱས་པའི་འདི་ཆོས་མིག་དཔེ་འོས་པ་ཞིག་ཡིན་པར་བརྟེན། ཚན་རིག་པ་སོགས་ཀྱིས་དོ་སྣང་དང་དགའ་མོས་བྱེད་བཞིན་འདུག ཁྱེད་རང་ཚོས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དེ་དག་ལ་དོ་སྣང་བྱེད་དགོས། སོ་སོའི་མི་ཚེར་ཡང་ཕན་གྱི་རེད། འོན་ཀྱང་དེ་དག་སློབ་སྦྱོང་བྱ་རྒྱུའི་སྐད་ཡིག་འདི་བོད་ཀྱི་སྐད་ཡིག་ཡག་ཤོས་རེད། དེར་བརྟེན་ཁྱེད་རང་ཚོས་བོད་ཡིག་ལ་དོ་སྣང་ཆེ་ཙམ་བྱེད་དགོས། དེང་སྐབས་ནང་ཆོས་ལ་དོ་སྣང་ཡོད་མཁན་ཕྱི་རྒྱལ་གྱི་མི་ནང་ལ་ཡིན་རུང་ཁུངས་གཏུག་ས་དང་གོ་བ་ཕྱིན་ཅི་མ་ལོག་པར་རྟོག་རྒྱུའི་མིང་ཚིག་དེ་བོད་ཡིག་ནང་ཡོད་པ་རེད།
དེ་བཞིན་ད་ལྟ་བར་དུ་ཁྱེད་རང་ཚོས་རང་ཉིད་ས་ཆ་གང་དུ་བསྡད་ཀྱང་བོད་པ་ཡིན་བསམ་པའི་འདུ་ཤེས་ཐོག་ནས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད། ད་དུང་ཡང་སྔར་ལྷག་ཧུར་ཐག་བྱེད་དགོས། བར་སྐབས་བོད་པའི་ནང་ལ་རྐུ་མ་རྐུ་མཁན་དེ་འདྲ་ཡོང་གི་ཡོད་སྐོར་བརྗོད་ཀྱི་འདུག ཉེ་ཆར་ཁེ་ན་ཌར་གནས་ཚུལ་དེ་འདྲ་བྱུང་འདུག་པས་ཧ་ལས་པའི་ཞབས་འདྲེན་རེད། བོད་པ་གཅིག་གིས་ཞབས་འདྲེན་ཞུས་ན། བོད་པས་རྐུ་མ་རྐུ་བ་དང་ཞབས་འདྲེན་ཞུས་ཀྱི་འདུག་ཅེས་བརྗོད་པ་མ་གཏོགས་བོད་པ་བྱེ་བྲག་པ་དེའི་མིང་སྨྲོས་ནས་བརྗོད་ཀྱི་མ་རེད། དེར་བརྟེན་བོད་མི་སྤྱི་ལ་མཚན་ཤས་ཡོང་གི་ཡོད་པས། དེའི་ཐོག་ཚང་མས་ཧ་ཅང་གཟབ་ནན་བྱེད་དགོས། འཕྲལ་སེལ་གྱི་ཁེ་ཕན་ཆུང་ཆུང་ཞིག་གི་ཆེད་བོད་བསྟན་སྲིད་མི་རིགས་དང་བཅས་པའི་མཚན་མཐོང་བརླག་རྒྱུ་དེ་འདྲ་བྱས་ན་རྩ་བ་ནས་ཡག་པོ་མེད། ཅེས་སོགས་ཀྱི་ལམ་སྟོན་བཀའ་སློབ་སྩལ་ཡོད། །