༢༠༡༢ ཟླ་ ༡༠ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཕུར་བུའི་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཉིན་གཉིས་པའི་གཞུང་འབྲེལ་ལས་དོན་སྐབས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་བཅུ་གཅིག་དང་མཇལ་འཕྲད་ཀྱིས་ཞོགས་ཟས་ལྷན་བཞེས་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གི་གྲོས་ཚོགས་འཐུས་མི་རྣམས་ནས་ད་བར་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་དོན། ཁྱེད་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་གནང་བ་ནི་བདེན་པ་དང་མང་གཙོ། འཚེ་མེད་ཞི་བར་རྒྱབ་སྐྱོར་གནང་བ་ཞིག་ཡིན་པ་དང། ང་ཚོའི་འཐབ་རྩོད་ཀྱང་ལྟ་གྲུབ་དེ་གཉིས་གཙོ་བོར་འཛིན་བཞིན་ཡོད། ཁྱེད་རྣམ་པས་རྒྱབ་སྐྱོར་གནང་བ་དེས་བོད་ནང་གི་གཞིས་ལུས་བོད་མི་ཚོར་བརྡ་ལན་ཤུགས་ཆེན་པོ་ཞིག་གཏོང་བཞིན་ཡོད། ཨི་ཊ་ལིའི་གྲོས་ཚོགས་ནང་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དེ་ནི་བོད་མི་རྣམས་བྱུང་རབས་ལོ་རྒྱུས་ཁྲོད་ཧ་ཅང་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་དུས་སྐབས་འདིར་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བདེན་པའི་རྒྱབ་ལངས་གནང་བ་འདི་ནི་བྱུང་རབས་ཀྱི་དཔང་པོ་ཞིག་ཆགས་ཡོད། ཅེས་གསུངས་པ་དང་སྦྲགས། ཟླ་ ༢ ཚེས་ ༨ ནས་ད་བར་བོད་མི་ ༤༢ རང་ལུས་མེར་སྲེག་བཏང་ཡོད།
འདས་པའི་བདུན་ཕྲག་གཅིག་ནང་བོད་ནང་དུ་བོད་མི་བཞིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་རྣམས་ལ་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་དེ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཡང་ཡང་ཞུས་ཡོད་ཀྱང་། རང་ལུས་མེར་སྲེག་མུ་མཐུད་ཡོང་བཞིན་ཡོད་པར་བརྟེན། བོད་མི་རྣམས་རྒྱ་ནག་གཞུང་གི་དམ་བསྒྲགས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པའི་རྣམ་པ་གསལ་པོ་མཚོན་ཐུབ། ཅེས་གསུངས། དེ་རྗེས་ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་གནང་ཡོད།
གསར་འགོད་ལྷན་ཚོགས་དེའི་སྐབས་གྲོས་ཚོགས་འཐུས་མི་དྲུག་གིས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁོང་རྣམ་པས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པ་དང་། ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཧ་ཅང་སེམས་འཚབ་ཡོད་སྐོར་གསུངས། ཉིན་རྒྱབ་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་ཚོགས་གཞོན་ལྕམ་སྐུ་ཨེ་མ་བྷོན་ནིའོ་ Ms. Emma Bonnio མཆོག་གིས་སྲིད་སྐྱོང་མཆོག་ལས་ཁུངས་སུ་མགྲོན་འབོད་ཀྱི་མཇལ་འཕྲད་གནང་ཡོད། ཕྱོགས་མཚུངས་ཨི་ཊ་ལིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཕེ་ཌེ་རི་ཀ་མོ་གེ་རི་ནི་ Ms. Federica Mogherini མཆོག་གིས་སྲིད་སྐྱོང་མཆོག་མང་གཙོ་ཚོགས་པའི་ལས་ཁུངས་སུ་མགྲོན་འབོད་ཞུས་པ་མ་ཟད། སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ལི་འོན་ཌ་ཊའུ་ཌི་ Mr. Leondard Taoudt མཆོག ལྕམ་སྐུ་ཀེར་མེན་མོ་ཊ་མཆོག Ms. Carmen Motta བཅས་ཀྱང་མཉམ་ཞུགས་གནང་ཡོད། སྐབས་དེར་ལྕམ་སྐུ་ཕེ་ཌེ་རི་ཀ་མོ་གེ་རི་ནི་མཆོག་གིས་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་ཆེད་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་མ་ཟད། བོད་མིས་རང་ལུས་མེར་སྲེག་གཏོང་བཞིན་པའི་གནས་སྟངས་ཐོག་ཧ་ཅང་སེམས་འཚབ་ཡོད་སྐོར་གསུངས།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཨི་ཊ་ལི་རེ་ཌི་ཀལ་ཆབ་སྲིད་ཚོགས་པའི་ Radical Party ཚོགས་གཙོ་སྐུ་ཞབས་མར་ཀོ་པ་ནེལ་ལ་ Mr. Marco Pannella མཆོག་དང་མཇལ་འཕྲད་གནང་ཡོད། སྐབས་དེར་སྐུ་ཞབས་མར་ཀོ་པ་ནེལ་ལ་མཆོག་གིས་དེ་སྔ་ཁོང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་མྱོང་ཡོད་སྐོར་སོགས་བོད་མིའི་ཐོག་གདུང་སེམས་མཉམ་སྐྱེའི་རྣམ་པ་གསལ་སྟོན་གནང་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་ནས་ཀྱང་སྐབས་དེར་བོད་མིའི་འཐབ་རྩོད་ལ་ཡུན་རིང་ནས་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་མཁན་གྱི་བོད་མིའི་གྲོགས་པོ་རྙིང་པ་ཁོང་ལ་ཐུགས་རྗེ་ཆེ་ཞུས་ཡོད། དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དེ་བཞིན་ཨི་ཊ་ལིའི་རྒྱལ་ཡོངས་བརྙན་འཕྲིན་The Italian national TV channel 2’s prime news བརྒྱུད་རྒྱང་སྲིང་ཞུས་འདུག་པ་བཅས།།