༢༠༡༢ ཟླ་ ༡༠ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༡ ཉིན་ཀན་ལྷོ་ཁུལ་སྤྱི་བདེ་ཅུས་ཟེར་བའི་ཉེན་རྟོག་ལས་ཁུངས་ནས་བོད་མིའི་རང་ལུས་མེར་བསྲེགས་དང་འབྲེལ་ཡོད་མི་སྣ་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་རྒྱ་སྒོར་ཁྲི་ ༥ ནས་ ༢༠ བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པའི་བརྡ་ཁྱབ་སྤེལ་བར་བོད་མིའི་སྒྲིག་འཛུགས་ཀྱིས་བརྡ་ཁྱབ་དེར་སྐྱོན་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན།
རྒྱ་ནག་གཞུང་གིས་ཉེ་ལམ་རང་ལུས་མེར་བསྲེགས་དང་འབྲེལ་ཡོད་མི་སྣ་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་རྔན་པ་སྤྲོད་རྒྱུའི་བརྡ་ཁྱབ་བཏང་བར་བོད་མིའི་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད། བོད་མི་རྣམས་ལ་རང་ལུས་མེར་སྲེག་གིས་མཚོན་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་རོགས་ཞེས་བོད་མིའི་སྒྲིག་འཛུགས་ཀྱིས་འབོད་སྐུལ་བསྟུད་མར་ཞུ་བཞིན་ཡོད། བོད་མིས་རང་ལུས་མེར་སྲེག་བཏང་བའི་རྒྱུ་རྐྱེན་དེ་རྒྱ་ནག་གཞུང་གིས་དངུལ་སྤྲད་ནས་འགོག་ཐབས་བྱས་པ་དེ་ཕན་ཐོགས་གང་ཡང་མེད་པ་མ་ཟད། རྒྱ་ནག་གཞུང་གི་བྱ་སྤྱོད་དེས་བོད་མིའི་དངོས་ཡོད་གནས་སྟངས་གསལ་རྟོགས་མེད་པ་ཧ་ཅང་གསལ་པོ་མཚོན་བཞིན་ཡོད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༥༩ རང་ལུས་མེར་བཏང་བར་བརྟེན། རྒྱ་ནག་དཔོན་རིགས་ཚོས་བོད་མིའི་དངོས་ཡོད་དཀའ་ངལ་སེལ་ཆེད་དོན་སྙིང་ལྡན་པའི་སྲིད་བྱུས་ཤིག་ལག་བསྟར་བྱ་རྒྱུའི་དུས་ལ་བབ་ཡོད། བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཚང་མས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་བོད་མི་ཚོར་རང་དབང་དགོས་པའི་དགོས་འདུན་བཏོན་ཡོད། ཅེས་སོགས་འཁོད་ཡོད་པ་བཅས།།