༢༠༡༢ ཟླ་ ༡༠ ཚེས༌ ༡༢ རེས་གཟའ་པ་སངས།
༄༅། །འདི་གར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྒུ་ཇུ་ར་ཐི་ (Gujarat) མངའ་སྡེའི་གྲོང་ཁྱེར་སྦ་རོ་ཌའི་ (Baroda) ནང་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༠ དགོང་དྲོ་འབྱོར་བ་དང་། སྐབས་དེར་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་ལགས་དང་བོད་མིའི་ཚོང་པའི་སྐྱིད་སྡུག་གི་འཐུས་མི་ནམ་ལངས་ལགས་གཉིས་ནས་ཕེབས་བསུ་ཞུས་པ་དང་། ཕྱི་ཟླ་ ༡༠ ཚེས་ ༡༡ སྔ་དྲོ་ཆུ་ཚོད་ ༡༡ ཐོག་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མིའི་འགན་ཁུར་འོག་སྦ་རོ་ཌའི་གྲོང་ཁྱེར་ནང་རྟེན་གཞིས་བྱས་པའི་ (MS University) གཙུག་ལག་སློབ་གཉེར་ཁང་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ཆ་ཤས་བོད་དོན་ཞུ་སྙན་སྟེང་ས་རྟགས་བསྡུ་འགོད་ཀྱི་ལས་འགུལ་འགོ་འཛུགས་བྱས་པ་དང་། སྐབས་དེར་བོད་པའི་སློབ་མ་དང་རྒྱ་གར་གྱི་སློབ་མ་ཚོས་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཤུགས་ཆེ་གནང་ཡོད།
ས་རྟགས་བསྡུ་འགོད་ཀྱི་ལས་འགུལ་འགྲོ་བཞིན་པའི་མུར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་ས་གནས་གཞོན་ནུའི་རྒྱུན་ལས་ནས་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་སྐུ་ཞབས་ ཡོ་གྷེ་ཤེ་ སིང་ (Prof. Yogesh Singh) མཆོག་དང་། གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་ཚན་པའི་འགན་འཛིན་སྐུ་ཞབས་ (Prof. P. M. Patel) གཉིས་མཇལ་འཕྲད་ཞུས་ཏེ། བོད་དོན་སྤྱི་དང་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་ཞུས་པར། མཁས་དབང་སྐུ་ཞབས་གཉིས་ནས་སྐུ་སྒེར་ཐོག་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་བ་མ་ཟད། བོད་མིའི་དཀའ་ངལ་སེལ་ཏེ་བོད་ནང་བོད་མི་ཚོ་རང་གི་ལུང་པའི་ནང་བདེ་སྐྱིད་ངང་མི་ཚེ་སྐྱེལ་རྒྱུའི་རེ་བ་ཆེན་པོ་ཡོད་པ་མ་ཟད། སྨོན་ལམ་རྒྱག་རྒྱུ་ཡིན་སྐོར་སོགས་གསུང་བཤད་གནང་ཡོད།
ས་རྟགས་བསྡུ་འགོད་ཀྱི་ལས་འགུལ་ཆུ་ཚོད་ ༣ པའི་ཐོག་བར་མཚམས་བཞག་སྟེ། ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་བདེན་པའི་མེ་ལྕེར་ཕེབས་བསུའི་མཛད་སྒོ་ཚོགས་པ་དང་། སྐབས་དེར་ས་གནས་གཞོན་ལྷན་གྱི་སློབ་མ་བརྒྱ་སྐོར་ཞིག་ནས་ལྷན་བཞུགས་གནང་བ་དང་། དང་ཐོག་ས་གནས་གཞོན་ལྷན་ཚོགས་གཙོས་ངོ་སྤྲོད་གཏམ་བཤད་དང་། དེ་རྗེས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བོད་དོན་སྤྱི་དང་། བོད་ནང་རང་ལུས་མེར་སྲེག་སོགས་ད་ལྟའི་ཛ་དྲག་གནས་སྟངས། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་བཅས་ཀྱི་སྐོར་གཏམ་བཤད་དང་སློབ་མ་ཚོས་དོགས་འདྲི་ཁག་ལ་ལན་འདེབས་ཀྱང་གནང་ཡོད། དེ་རྗེས་སློབ་ཕྲུག་ཚོས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་སྤྱི་དང་ལྷག་པར་རང་ལུས་མེར་སྲེག་གནང་མཁན་ཚོའི་ཆེད་མ་ཎི་གྲངས་གསོག་དང་། བདེན་ཚིག་སྨོན་ལམ་འུར་འདོན་བྱས་ཡོད་པ་རེད། སྐབས་དེར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་གསར་འགོད་པར་ད་རེས་ཀྱི་ལས་འགུལ་སྐོར་ངོ་སྤྲོད་གནང་ཡོད།
ཕྱི་དྲོ་ཆུ་ཚོད་ ༦།༣༠ ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་མིའི་སུད་ཚོང་སྐྱིད་སྡུག་གཉིས་ཀྱི་གོ་སྒྲིག་འོག་གྲོང་ཁྱེར་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་མར་མེའི་ཁྲོམ་སྐོར་གོ་སྒྲིག་ཞུས་པའི་ནང་བོད་པའི་སློབ་མ་དང་ཚོང་པ་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་ནས་ལྷན་བཞུགས་གནང་ཡོད་པ་དང་། ཁྲོམ་གཞུང་ནང་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་འུར་འདོན་གནང་བཞིན་ཧིན་རྡི་དང་ཨིན་ཡིག་ཐོག་ལས་འགུལ་དང་འབྲེལ་བའི་ཡིག་ཆ་རྒྱ་ཆེ་འགྲེམས་སྤེལ་ཞུས་ཡོད།
ཁྲོམ་སྐོར་གྲུབ་མཚམས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། དེ་རྗེས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་ངག་བཅད་སྐར་མ་གཅིག་ཞུས། དེ་ནས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་། དེ་རྗེས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་པའི་ཚོང་པའི་སྐྱིད་སྡུག་གི་འཐུས་མི་བཅས་ནས་རིམ་བཞིན་གཏམ་བཤད་གྲུབ་མཚམས་བོད་རྒྱལ་ལོ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག་ཅེས་འབོད་ཚིག་སྒྲོག་སྟེ་ལས་འགུལ་མཇུག་སྒྲིལ་བྱུང་ཡོད་པ་རེད། ད་རེས་སྦ་རོ་ཊའི་ལས་འགུལ་དེ་བཞིན་ཁུལ་འདིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་མིའི་ཚོང་པའི་སྐྱིད་སྡུག་གཉིས་ནས་གོ་སྒྲིག་གནང་བ་དང་། ཕྱི་ཟླ་ ༡༠ ཚེས་ ༡༡ སྔ་དྲོ་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྒུ་ཇུ་ར་ཐ་ (Gujarat) མངའ་སྡེའི་ཨེ་མ་རྡ་སྦ་ཐ་ (Ahmedabad) གྲོང་ཁྱེར་ཕྱོགས་ཐོན་གནང་ཡོད་པ་བཅས།།