༢༠༡༢ ཟླ་ ༡༠ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །ཕ་རན་སི་ཁུལ་དུ་གནས་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཚོང་པ། སྒྱུ་རྩལ་བ། གསར་འགོད་པ། དེ་བཞིན་རྒྱ་རིགས་ནང་པ། སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༤༠ ཙམ་མཉམ་ཞུགས་ཐོག་རྒྱ་བོད་མི་རིགས་དབར་རིག་གཞུང་དང་ཆབ་སྲིད་ཀྱི་བགྲོ་གླེང་ཚོགས་འདུ་ཚོགས་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༧ ཉིན་ཕ་རན་སིའི་རྒྱལ་ས་པེ་རེ་སིར་ཚོགས་པའི་བགྲོ་གླེང་ལྷན་ཚོགས་ནང་མ་འོངས་པར་བོད་རྒྱ་མི་རིགས་གཉིས་དབར་བགྲོ་གླེང་ཚོགས་འདུ་འདི་ལྟ་བུ་ཡང་ཡང་འཚོགས་རྒྱུ་ཧ་ཅ་གལ་ཆེན་པོ་ཡིན་སྐོར་དང་། དེ་བཞིན་རྒྱ་རིགས་ཚོགས་བཅར་བའི་ངོས་ནས་ད་ལྟའི་ཆར་བོད་ནང་གི་བོད་མིས་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ཆེས་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེ་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་འཛམ་གླིང་ཕྱོགས་ཡོངས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཞེན་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བཞིན་ཡོད་པར་བརྟེན། བོད་མི་རྣམས་ནས་རང་ལུས་མེར་སྲེག་གིས་ལས་འགུལ་དེ་བཞིན་མཚམས་འཇོག་ཡོང་བ་དང་། མ་འོངས་པར་རྒྱ་བོད་དབར་དོན་དངོས་ཀྱི་ཞི་མཐུན་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་སོགས་ཀྱི་འགྲེལ་བརྗོད་གནང་འདུག བགྲོ་གླེང་ལྷན་ཚོགས་དེའི་ཐོག་ཡུ་རོབ་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས། །