༢༠༡༢ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་སེམས་དང་སྲོག་ (Mind and Life) གི་བགྲོ་གླེང་ལྷན་ཚོགས་ཐེངས་ ༢༥ པར་དབུ་བཞུགས་མཛད་ཡོད། ལྷན་ཚོགས་ཀྱི་བརྗོད་གཞི་གཙོ་བོ་ནི། སྒོམ་སྒྲུབ་ཉམས་ལེན་དང་ལུས་པོའི་འཕྲོད་བསྟེན་དབར་གྱི་འབྲེལ་བ་གཞིར་བཞག་ཐོག་ཚན་རིག་པའི་ཚོད་བལྟ་ཁང་གི་ནང་དཔྱད་པ་བྱས་པའི་མཐར་གྲུབ་འབྲས་ཇི་བྱུང་དང་། མི་ཚེའི་ནང་དངོས་སུ་ཉམས་མྱོང་གང་བྱུང་བའི་སྐོར་ཡིན་འདུག
དེ་ཡང་སྔ་དྲོའི་ཚོགས་ཐུན་དང་ཉིན་རྒྱབ་ཀྱི་ཚོགས་ཐུན་གཉིས་རོཀ་ཕེ་ལར་གཙུག་ལག་སློབ་གྲྭའི་ (Rockefeller University) ཀ་སི་པ་རེའི་ཚོགས་ཁང་( Caspary Auditorium) དུ་ཚོགས་ཡོད། གཙུག་ལག་སློབ་གྲྭ་འདི་ནི་སྐྱེ་ལྡན་སྨན་ལུགས་ (biomedical)དང། དངོས་ཁམས་ཚན་(physical sciences) རིག་ཐོག་ཉམས་ཞིབ་བྱ་ཡུལ་དང་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བྱ་ཡུལ་འཛམ་གླིང་ནང་སྙན་གྲགས་ཅན་ཞིག་ཡིན་འདུག
སྔ་དྲོའི་ཚོགས་ཐུན་དང་པོར་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཏེ་ཚོགས་ཁང་ནང་ཡོད་པའི་ཆོས་གྲོགས་རྙིང་པ་རྣམས་ལ་འཚམས་འདྲི་མཛད། དེ་ནས་མགོན་པོ་གང་ཉིད་མཆོག་ཞབས་སྟེགས་སྟེང་༸ཞབས་སོར་འཁོད་མཚམས། ལྕམ་སྐུ་ཨན་ནེ་ཧར་རིང་ཊོན་ (Anne Harrington) ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་ཡོད། སྐབས་དེར་ནད་ཀྱིས་ནད་པའི་མི་ཚེར་ཤུགས་རྐྱེན་ཇི་འདྲ་ཐེབས་ཀྱི་ཡོད་མེད་ཤེས་ཆེད། ང་ཚོས་ནད་པའི་ནད་གཞི་དང། ནད་དེས་ཇི་ལྟར་མནར་ཚུལ། དེ་བཞིན་ནད་པའི་མི་ཚེའི་རྒྱབ་ལྗོངས་ཀྱི་གནས་སྟངས་སོགས་སྐོར་ཤེས་ཐབས་དགོས་རྒྱུ་གལ་ཆེ་ཡིན་སྐོར་བགྲོ་གླེང་གནང་ཡོད། སྤྱིར་དེང་རབས་སྨན་བཅོས་ལམ་ལུགས་ནང་དེ་ལྟ་བུའི་ལམ་སྲོལ་ཞིག་མེད་པ་དང། ད་ཆ་ང་ཚོས་བར་སྟོང་འདི་སྐོང་ཐབས་དགོས་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་བགྲོ་གླེང་མཛད་ཡོད། སྐབས་དེར་བགྲོ་གླེང་གཙོ་སྐྱོང་བས་ཇིམ་མི་ཧོལ་ལེན་ཌི་ (Jimmie Holland)མཆོག་ངོ་སྤྲོད་གནང་རྗེས། ལྕམ་སྐུ་ཇིམ་མི་མཆོག་གིས་སེམས་སྡུག་(distress) སྐོར་གསུང་བཤད་གནང་བ་མ་ཟད། ཚན་རིག་པའི་ཚོད་བལྟ་ཁང་གི་དཔྱད་དོན་དང་། དངོས་སུ་མི་ཚེའི་ནང་དཀའ་ངལ་གདོང་ལེན་བྱེད་ཕྱོགས་གཉིས་ཀྱི་དབར་བར་སྟོང་ཡོད་པ་དེ་བཀང་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་དང། ད་བར་སྨན་བཅོས་ལམ་ལུགས་ནང་སྨན་གྱིས་བྱེད་ལས་གཙོ་བོ་ན་ཚ་བཅོས་ཐབས་བྱ་རྒྱུ་ལས་ནད་པར་བསམ་བློ་བཏང་མེད་པར་བརྟེན། སྨན་བཅོས་སྐབས་སྨན་པས་ནད་བཅོས་ཐབས་བྱེད་པ་མ་གཏོགས་ནད་པ་ཟུར་དུ་ཕུད་པ་ལྟ་བུའི་གནས་སྟངས་ཤིག་ཡོང་བཞིན་ཡོད།
དཔེར་ན། ཉེ་ལམ་བར་སྐྲན་ནད་(Cancer) ཡོད་མཁན་ཚོར་སྨན་པས་ན་ཚ་དེའི་སྐོར་གསང་བཞིན་ཡོད་པ་མ་ཟད། ནད་ཀྱི་སྔོན་རྟགས་དང་ནད་པའི་མི་ཚེའི་ཉམས་མྱོང་སྐོར་དོ་སྣང་གང་ཡང་བྱེད་ཀྱི་མེད། གལ་ཏེ་ནད་པར་སྔོན་རྟགས་གང་བྱུང་བ་རྣམས་ལ་སྨན་པས་དོ་སྣང་བྱས་ཚེ་ན་ཚ་འདི་དང་འདི་རེད། ཅེས་ནད་ངོས་འཛིན་གསལ་པོ་ཐུབ་རྒྱུར་ཧ་ཅང་ཕན་ཐོགས་ཡོང་ངེས་པའི་རིགས་ཀྱང་མང་པོ་ཡོད། སྤྱིར་སྨན་བཅོས་ལམ་ལུགས་ནང་ནད་ངོས་འཛིན་རྒྱུའི་ཐབས་ལམ་ཡོད་པ་རྣམས་ནི། ནད་པའི་ལག་རྩྭ་བལྟ་རྒྱུ་ (Pulse) དང། དབུགས་གཏོང་ལེན། (respiration) གཟུགས་པོའི་ཚ་ཚད་འཇལ་རྒྱུ། (temperature) ཁྲག་ཤེད། (blood pressure) བཅས་ཡོད་པ་དེའི་ཐོག ཟུག་གཟེར་དང་སེམས་སྡུག་གཉིས་བསྡོམས་དགོས། མཐའ་མ་གཉིས་ནད་པར་སྨན་པས་དངོས་སུ་ཐུག་འཕྲད་ཀྱིས་ཕན་ཚུན་སྐད་ཆ་བཤད་ནས་ངོས་འཛིན་ཐུབ་རྒྱུ་ཡིན། ནད་པར་ན་ཚས་བརྡུངས་བའི་དངོས་ཡོད་གནས་ཚུལ་དེར་སྨན་པས་བསྒྱུར་བ་གང་ཡང་གཏོང་མི་ཐུབ། འོན་ཀྱང་ན་ཚ་དེར་གདོང་ལེན་ཆེད་སྨན་པས་ཕན་ཐོགས་བྱེད་ཐུབ། ཅེས་གསུང་བཤད་གནང་ཡོད།
དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ལུས་ཀྱི་འཕྲོད་བསྟེན་དང་བསམ་བློ་གཉིས་དབར་འབྲེལ་བ་ཡོད་པ་ཧ་ཅང་གསལ་པོ་རེད། ཟུག་གཟེར་ནི་ཟག་བཅས་ཉེར་བར་ལེན་པའི་ཕུང་པོའི་ཆ་ཤས་ཤིག་ཡིན། འོན་ཀྱང་ཟུག་གཟེར་བྱུང་སྐབས་ཇི་ཙམ་བཟོད་ཐུབ་མིན་ནི་བསམ་བློ་གཏོང་སྟངས་ལ་རག་ལུས་ཡོད། དེར་བརྟེན་ན་ཚ་དྲག་སྐྱེད་དེའང་བསམ་བློ་གཏོང་སྟངས་ལ་གང་ཙམ་རག་ལུས་ཡོད། ལུས་སེམས་གཉིས་ཀྱི་འབྲེལ་བ་དེ་ཇི་འདྲ་ཡིན་མིན་ཐོག་ང་ཚོས་ཤེས་ཐབས་བྱེད་དགོས། ཞེས་བཀའ་སློབ་སྩལ། ཕྱོགས་མཚུངས་སྐུ་ཞབས་ཌེ་ཝི་ཌི་སི་པི་ཇེལ་ (David Spiegel) ལགས་ཀྱིས་གཉིད་འབེབས་ (Hypnosis) དང་བྱམས་བརྩེ། འཕྲོད་བསྟེན་སོགས་སྐོར་འགྲེལ་བཤད་ཞུས་ཡོད། གཞན་ཡང་ལྕམ་སྐུ་ཨན་ནེ་ཧར་རིང་ཊོན་ (Anne Harrington)མཆོག་གིས་༸གོང་ས་མཆོག་ལ་ནད་པ་འཆི་ཁར་ཡོད་པ་རྣམས་ལ་འབྲེལ་བ་ཇི་ལྟར་བྱེད་དགོས་མིན་དྲི་བ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། འཆི་བ་ནི་མི་ཚེའི་ཆ་ཤས་ཤིག་ཡིན། སྐྱེ་བའི་མཐའ་མ་འཆི་རྒྱུ་ཡིན། དེར་བརྟེན་ང་ཚོས་ཆེད་མངགས་འཆི་བའི་སྐོར་བསམ་བློ་གཏོང་ཐུབ་པ་ཡིན་ན། རང་ཉིད་འཆི་ཁར་དེ་ཙམ་དངངས་སྐྲག་ཡོང་གི་མ་རེད། ངོས་ཀྱིས་ཉིན་རེའི་ཉམས་ལེན་ནང་འཆི་བ་དང་བར་དོ། སྐྱེ་བ་སོགས་ལ་ཐེངས་འགའ་ཤས་བསམ་བློ་གཏོང་བཞིན་ཡོད། འཆི་བ་ལ་གོམས་འདྲིས་བསྟེན་རྒྱུ་གལ་ཆེན་པོ་ཡིན།
ཕྱོགས་མཚུངས་རང་ཉིད་འཚོ་བའི་རིང་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་བཀའ་ལན་སྩལ་བ་དང་སྦྲགས། སེམས་དང་སྲོག་གི་བསྟི་གནས་ཁང་འདི་གསར་པ་ཞིག་ཆགས་ཡོད་པ་དང། དེང་སྐབས་ཨེ་ཤི་ཡ་དང་ཡུ་རོབ་ནང་དར་ཁྱབ་འགྲོ་བཞིན་ཡོད། བསྟི་གནས་ཁང་གིས་ལས་དོན་ཆེན་པོ་བསྒྲུབ་ཐུབ་རྒྱུ་རེད། ད་བར་བསྟི་གནས་ཁང་གིས་ཉམས་ཞིབ་གཙོ་འདོན་བྱས་ཡོད་ཀྱང། ཕྱིན་ཆད་ལག་བསྟར་ཇི་ལྟར་ཐུབ་མིན་འབད་བརྩོན་གནང་དགོས། ཞེས་བཀའ་སློབ་སྩལ་ཡོད། ཉིན་གུང་ལྗགས་སྨིན་སྐབས་སེམས་དང་སྲོག་གི་བསྟི་གནས་ཁང་གི་འགན་འཛིན་དང་སྦྱིན་བདག་རྣམས་དང་གོང་བརྗོད་ལས་དོན་ཐོག་གྲོས་མོལ་མཛད་ཡོད། ཉིན་གུང་གི་ཚོགས་ཐུན་དེ་བཞིན་ཨ་རིའི་ཀླད་ཁམས་ཚན་རིག་པ་སྐུ་ཞབས་རི་ཆ་ཌི་ཌེ་ཝི་ཌི་སན་ (Richard Davidson) མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་སེམས་དང་སྲོག་གི་བགྲོ་གླེང་ནང་དབུ་བཞུགས་མཛད་པར་བཀའ་དྲིན་རྗེས་དྲན་ཞུས་གྲུབ་མཚམས་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་བཅས།།