༢༠༡༢ ཟླ་ ༡༠ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱ༜བས་མགོན་ཆེན་པོ་མཆོག་ཨ་རིའི་ཝར་ཇི་ནི་ཡ་མངའ་སྡེའི་གྲོང་ཁྱེར་ཝི་ལི་ཡམ་བྷག་ (Williamsburg) གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཝི་ལི་ཡམ་དང་མེ་རི་མཐོ་སློབ་ (College of William & Mary) ཀྱི་སློབ་མ་ཀི་ནི་ཐི་ཁིའུ་(kenneth Qui)ལགས། གཙུག་ལག་སློབ་དཔོན། དེ་བཞིན་མཐོ་སློབ་ཀྱི་ཚོགས་གཙོའི་ལས་ཁུངས་ནས་ཀེ་ཝིན་ཝོ་སི་(Kevin Vose) ལགས་དང་ཇེ་རེ་མི་མར་ཊིན་ (Jeremy Martin) ལགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་གྲོང་ཁྱེར་ཝི་ལི་ཡམ་བྷག་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ཀ་ལ་ཡེ་ཌི་ཧོལ་མེན་ (Clyde Haulman) ལགས་ཀྱིས་ཕེབས་བསུ་ཞུས་ཡོད། དེར་མགོན་པོ་གང་ཉིད་མཆོག་ལྗགས་སྨིན་མཛད་གྲུབ་མཚམས། མུ་སི་ཀ་ར་རེ་ལེ་ (Muscrarelle Museum) ཞེས་པའི་འགྲེམས་སྟོན་ཁང་དུ་ཆིབས་སྒྱུར་བསྐྱངས་ཡོད། དེར་གོང་གསལ་མཐོ་སློབ་དེའི་སློབ་སྤྱི་ཇེ་ཕི་ཊརམ་མེལ་ (Jeff Trammell) ལགས་ཀྱིས་མཐོ་སློབ་དེའི་སྐུ་མགྲོན་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུས་ཡོད།
སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དུས་ཡུན་ཐུང་ཐུང་ཞིག་ལ་རྒྱལ་ཁབ་འདིའི་མཐོ་སློབ་རྙིང་ཤོས་གཉིས་པར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ལོ་མང་རིང་ནས་མི་མང་པོས་ཚོགས་པ་སྐྱིད་སྡུག་འདི་གར་རྒྱབ་སྐྱོར་ཆེད་རོགས་རམ་ཧ་ཅང་གནང་ཡོད། ངོས་ཀྱི་མི་ཚེ་ཧྲིལ་པོའི་ནང་འགན་ཁུར་གཙོ་བོ་གསུམ་ཡོད། དང་པོ་ནི་འགྲོ་བ་མིའི་རིན་ཐང་གོང་སྤེལ་གཏོང་རྒྱུ་དེ་ཡིན། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པ་མ་ཟད། ང་ཚོ་ཚང་མ་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་ཆགས་ཡོད། དེར་བརྟེན་རང་རྒྱུད་ལ་གཞན་ཕན་གྱི་བསམ་པ་དེ་ང་ཚོས་བསྐྲུན་ཐབས་བྱེད་དགོས།
གཉིས་པ་ནི་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་བྱ་རྒྱུ་དེ་ཡིན། ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ། བཟོད་བསྲན་དགོས་ལུགས་གསུངས་ཀྱི་ཡོད། ཆོས་ལུགས་དེ་རྩོད་རྙོག་གི་རྒྱུ་རྐྱེན་ཆགས་སྐབས་ང་ཚོའི་བོད་པའི་ནང་བཤད་སྲོལ་ལྟར་སྨན་དུག་ཏུ་འགྱུར་ཞེས་པ་ལྟ་བུ་ཆགས་ཡོད། ཆོས་ལུགས་ནང་ཁུལ་གྱི་རྙོག་གྲ་དེ་དག་གཙོ་བོ་གནས་ཚུལ་ཆ་ཚང་མ་ཤེས་པ་ལས་བྱུང་བ་ཞིག་ཡིན་པ་དང། ཆོས་ལུགས་ཕན་ཚུན་གུས་བརྩི་བྱས་ཚེ་འཆམ་འཐུན་ཡོང་རྒྱུ་ཐག་ཆོད་པ་རེད།
གསུམ་པ་ནི་བོད་དོན་ཡིན། འོན་ཀྱང་སྔ་ལོ་ནས་བཟུང་ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་ཟིན་པ་ཡིན། འོན་ཀྱང་ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་གང་ཐུབ་བོད་སྤྱིའི་པའི་རྩ་དོན་འདོར་ཐབས་མེད། ཅེས་བཀའ་སློབ་སྩལ།
དེ་ནས་མགོན་པོ་གང་ཉིད་མཆོག་གིས་ཝི་ལི་ཡམ་དང་མེ་རི་མཐོ་སློབ་ཏུ་སློབ་མ་ཁྱོན་གྲངས་ ༨༠༠༠ བརྒལ་བར་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་དོན། ང་ཚོས་མིང་དང་གོ་སར་ཆེ་མཐོང་ཆེན་པོར་རྩི་བཞིན་ཡོད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་ང་ཚོ་ཚང་མ་གཞི་རྩའི་ཆ་ནས་འགྲོ་བ་མི་གཅིག་མཚུངས་ཤིག་ཆགས་ཡོད། དེང་སྐབས་མི་ཚང་མར་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་དཔལ་འབྱོར་ཉམ་རྒུད་སོགས་ཀྱི་དཀའ་ངལ་དེ་དག་འཛམ་གླིང་མི་འབོར་འཐེར་འབུམ་བདུན་ཡོད་པ་ཚང་མར་གཅིག་མཚུངས་སུ་འཕྲད་བཞིན་ཡོད། མི་འགའ་ཤས་ཀྱིས་བྱུང་རབས་ལ་བསྐྱར་ལོག་རྒྱག་རྒྱུ་ཡོད། ཅེས་བརྗོད་ཀྱི་ཡོད། འོན་ཀྱང་ངོས་ཀྱིས་དེར་ངོས་ལེན་བྱེད་ཀྱི་མེད། ངོས་ཀྱི་བསམ་པར། དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་གསར་པ་དེ་དག་སེལ་ཆེད་ང་ཚོས་ཐབས་ལམ་རྙིང་པ་བེད་སྤྱོད་བྱེད་བཞིན་ཡོད་པ་དེ་ནོར་འཁྲུལ་ཡིན། དཔེར་ན། ཨི་རག་ (Iraq) སྲིད་དབང་སྒེར་གཅོད་པ་མེད་པ་བཟོ་རྒྱུ་དང་། མང་གཙོའི་རིང་ལུགས་ཐོག་འགྱུར་རྒྱུའི་དགོས་དམིགས་དང་ཀུན་སློང་དེ་ཧ་ཅང་ཡག་པོ་ཡིན་ནའང། ཐབས་ལམ་དྲག་ཤུགས་བེད་སྤྱོད་བྱས་པ་དེ་ནི་དུས་ཚོད་རྙིང་པའི་ཐབས་ལམ་ཡིན། དེར་བརྟེན་དཀའ་ངལ་འཕར་མ་འཕྲད་ངེས་ཡིན། དེ་ལྟར་མིན་པར་ང་ཚོས་ཨི་རག་གི་དཀའ་ངལ་དེར་དཔྱད་ཞིབ་ཡག་པོ་བྱས་ཏེ། དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐབས་ལམ་བེད་སྤྱོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དོན་དངོས་སུ་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན། དཔེར་ན། སྨན་པས་དུས་ནམ་ཡང་ནད་པར་ཆོས་ལུགས་དང་། རིགས་རྒྱུད། ཤེས་ཚད་སོགས་གང་ཡིན་མིན་སྐད་ཆ་མ་དྲིས་པར། སྨན་བཅོས་དགོས་པའི་མི་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་གནས་སྟངས་གཞན་རྣམས་ལ་ཡང་འདི་ལྟ་བུའི་ཐབས་ལམ་བེད་སྤྱོད་བྱེད་དགོས། འགྲོ་བ་མི་ཙམ་མ་ཟད་ནུ་ཞོ་སྣུན་པའི་སྲོག་ཆགས་གཞན་རྣམས་ཀྱིས་ཀྱང་རང་གི་ཕྲུ་གུར་བརྩེ་བ་དང་སེམས་ཚོར་ཆེན་པོ་བྱེད་ཀྱི་ཡོད་པ་ནི་སྤྱིར་བཏང་ལྷན་སྐྱེས་ཀྱི་བྱམས་བརྩེ་ཆགས་ཡོད། བྱམས་བརྩེ་དེ་ཉེ་རིང་ལྡན་པའི་བྱམས་བརྩེ་སྤྱིར་བཏང་ཞིག་ཆགས་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་མིའི་རྣམ་དཔྱོད་བེད་སྤྱོད་བྱས་ན་རང་གི་གཉེན་ཚན་ཙམ་མ་ཟད། སྐྱེ་འགྲོ་ཀུན་དང། མཐའ་ན་རང་གི་དགྲ་བོར་ཡང་ཉེ་རིང་མེད་པའི་བྱམས་བརྩེའི་སྐྱེས་ཐུབ། ཕུགས་ཀྱི་བདེ་དོན་ཆེད་བསམ་བློ་གཏོང་རྒྱུ་དང་གྲ་སྒྲིག་བྱ་རྒྱུའི་ནུས་པ་དེ་འགྲོ་བ་མི་གཅིག་པུར་ལྡན་ཡོད། གལ་ཏེ་ང་ཚོས་རང་བརྒྱུད་ཁོང་ཁྲོའི་གཞན་དབང་དུ་བཏང་ཚེ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་བེད་སྤྱོད་གཏོང་མི་ཐུབ། དེར་བརྟེན་ང་ཚོས་བསམ་བློར་སྦྱོང་བརྡར་བྱེད་དགོས། བྱམས་བརྩེ་བརྗོད་སྐབས་ཆོས་ཀྱི་སྐད་ཆ་རེད།
ཅེས་དེ་འདྲ་བསམ་མཁན་འགའ་ཤས་ཡོང་གི་འདུག དེར་བརྟེན་ཁོང་ཚོས་བྱམས་བརྩེའི་བསམ་བློ་ལ་སྣང་མེད་དང་མཐོང་ཆུང་བྱེད་ཀྱི་འདུག མི་སུ་ཞིག་ཡིན་རུང་ཆོས་ཁས་ལེན་མིན་རང་མོས་རེད། དེ་ལྟར་ནའང་བྱམས་བརྩེའི་བསམ་བློར་སྣང་མེད་བྱ་རྒྱུ་དེ་ནོར་འཁྲུལ་རེད། གང་ཡིན་བརྗོད་ན། བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན། དེར་བརྟེན་བྱམས་པ་དང་བརྩེ་བ། གཞན་ཕན་བརྗོད་སྐབས་ཆོས་ཀྱི་སྐད་ཆ་ཞིག་རེད་ཅེས་ནམ་ཡང་དྲན་རྒྱུ་མེད། བཟང་སྤྱོད་དེ་དག་ནི་རང་གཞན་གཉིས་ཕན་གྱི་ཐབས་ལམ་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན་མང་ཚོགས་ཀྱི་དྲི་བར་བཀའ་ལན་ཡང་མཛད་ཡོད། དེ་རྗེས་༸གོང་ས་མཆོག་གིས་གཙུག་ལག་སློབ་ཁང་གི་སློབ་མ་ཁག་གཅིག་དང་ལྷན་མཇལ་འཕྲད་གནང་ཡོད། དེའི་ཁོངས་སུ་རྒྱ་ནག་ནས་ཡིན་པའི་སློབ་མ་ཡང་ཡོད་པ་བཅས།།