༢༠༡༢ ཟླ་ ༩ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡ ནས་ ༢༠ བར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ལ་ཨུ་རུ་སུ་སྐུ་ཚབ་དོན་ཁང་དང། མོ་སི་ཁོར་རྟེན་གཞི་བྱས་པའི་བོད་སྐྱོབ་དགེ་རྩ་ཚོགས་པ། ཁལ་མུཀ་ནང་པའི་དགོན་པ། ཐུ་ཝ་ནང་པའི་མཐུན་ཚོགས་བཅས་ཐུན་མོང་གིས་མགྲོན་འབོད་ཞུས་པ་བཞིན་ཆེད་ཕེབས་ཀྱིས་ཨུ་རུ་སྤྱི་མཐུན་གྱི་མང་ཚོགས་རྣམས་ལ་ཆོས་འགྲེལ་དང་གསུང་བཤད་གནང་ཡོད།
དེ་ཡང་ཐོག་མར་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཁལ་མུཀ་སྤྱི་མཐུན་གྱི་རྒྱལ་ས་ཨི་ལི་སི་ཊར་ཕེབས་སྐབས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་ཀྱིས་སྣེ་ལེན་ཞུས་ཡོད། ཕྱི་ཚེས་ ༢ ནས་ ༧ བར་ཁལ་མུཀ་སྤྱི་མཐུན་དུ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཁལ་མུཀ་ནང་པའི་དགོན་པར་ཏེལོ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་མའི་ཆོས་འགྲེལ་གནང་ཡོད། དེ་ནས་ཁོང་གིས་ཁུལ་དེར་རྟེན་གཞི་བྱས་པའི་སློབ་གྲྭ་དང། མཐོ་སློབ། གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་ཡོད། དེ་བཞིན་ཁོང་གིས་སློབ་དགེ་ཁག་གཅིག་ལ་ནང་ཆོས་ངོ་སྤྲོད་དང་ཆོས་ལུགས་རིས་མེད་(Basics of Religious Culture and secular ethics) སྐོར་བགྲོ་གླེང་ཚོགས་ཡོད་པ་མ་ཟད། མཁས་དབང་ཁག་གཅིག་དང་ལྷན་དེང་རབས་སྤྱི་ཚོགས་དང་ཆོས་ལུགས་ཟུང་འབྲེལ་ (Religion and Modernity: New Approaches) གྱི་ཐབས་ལམ་གསར་པ། ཞེས་པའི་བརྗོད་གཞིའི་ཐོག་གླེང་སྟེགས་གོར་མོའི་བགྲོ་གླེང་དུ་མཉམ་ཞུགས་གནང་ཡོད། དེ་བཞིན་ཁོང་གིས་ཁལ་མུཀ་སྤྱི་མཐུན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Friends of Tibet Society) དབུ་བརྙེས་ནས་ལོ་ངོ་ཉི་ཤུ་འཁོར་བའི་མཛད་སྒོར་མཉམ་ཞུགས་གནང་ཡོད། དགེ་བཤེས་ལྷག་རྡོར་ལགས་ཁལ་མུཀ་བརྙན་འཕྲིན་དང་དུས་དེབ་ཀྱི་གསར་འགོད་པས་ཆེད་དོན་དྲི་བ་ཞུས་པར་ལན་འདེབས་ཀྱང་གནང་ཡོད།
དེ་རྗེས་དགེ་བཤེས་ལྷག་རྡོར་ལགས་དང་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་རྣམ་གཉིས་ཨི་ལི་སི་ཊ་ནས་མཁའ་ལམ་བརྒྱུད་ཐུ་ཝ་སྤྱི་མཐུན་དུ་ཕེབས་འབྱོར་གནང་ཡོད། ཁོང་རྣམ་གཉིས་ཐུ་ཝར་འབྱོར་སྐབས་ཐུ་ཝ་སྤྱི་མཐུན་གྱི་སྲིད་འཛིན་སྐུ་ཞབས་ཤོལ་བྷནཀ་ར་ཨུལ་(Mr.Sholban kar-ool) མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཟླ་བ་ཀན་ཨུལ་(Dawa Kan-ool) མཆོག ནང་པའི་མཐུན་ཚོགས་ཀྱི་འགོ་ཁྲིད། དེ་བཞིན་མི་མང་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཕྱི་ཚེས་ ༨ ནས་ ༡༥ བར་ཁོང་རྣམ་གཉིས་ཀྱིས་མང་ཚོགས་འདུ་འཛོམས་ཐོག་༸གོང་ས་མཆོག་གིས་ནང་ཆོས་དང་ཚན་རིག་གི་ཐོག་གཟིགས་ཚུལ་སྐོར་གསུང་བཤད་གནང་ཡོད། དེ་རྗེས་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཐུ་ཝའི་སློབ་གྲྭ་དང་མཐོ་སློབ་བཅས་སུ་(Wisdom and Compassion:Sources of Meaningful life) ཤེས་རབ་དང་བྱམས་བརྩེ་ནི་མི་ཚེ་དོན་ལྡན་ཡོང་རྒྱུའི་འབྱུང་ཁུངས་ཡིན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། སྐུ་ཚབ་དོན་གཅོད་ཀྱིས་བོད་དོན་དང་འབྲེལ་བའི་གསུང་བཤད་ཀྱང་གནང་ཡོད། ཁོང་རྣམ་གཉིས་ཐུ་ཝར་ལོ་ངོ་ ༢༠ རྗེས་ཕེབས་ཡོད། དེ་སྔ་ཕྱི་ལོ་ ༡༩༩༢ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུ་ཝ་སྤྱི་མཐུན་དུ་ཐེངས་དང་པོ་ཆིབས་སྒྱུར་བསྐྱངས་སྐབས་ཁོང་རྣམ་གཉིས་ཆིབས་ཞབས་སུ་བཅར་ཡོད་པ་བཅས།།