༢༠༡༢ ཟླ་ ༩ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢ ཉིན་སྦེང་ལོར་བོད་ཁྱིམ་སྡོད་ཁང་དུ་སྦེང་ལོར་གནས་སྡོད་རང་རེའི་མི་མང་དང་སློབ་ཕྲུག་བཅས་ཀྱིས་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ ༥༢ འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ་དང་སྟབས་བསྟུན་ལྷོ་སྤྱི་ལས་ཁུངས་ནང་མདུན་ལམ་སློབ་སྟོན་པའི་ཚན་པ་ཞིག་སྒོ་ཕྱེ་གསལ་བསྒྲགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་ཁྱིམ་ཐང་ཆེན་དུ་མང་ཚོགས་འདུ་འཛོམས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་འཕྲིན་བཅོལ་དང་བསང་གསོལ་ལྷ་རྒྱལ་འཐེན་རྗེས་མཛད་སྒོ་དངོས་གཞི་ཆུ་ཚོད་༡༠་༣༠ ཐོག་དབུ་འཛུགས་གནང། མཛད་སྒོའི་ཐོག་མར་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་མང་གཙོ་གསར་གཞས་འབུལ་ལམ་ཞུས་རྗེས་སྐུ་མགྲོན་རྣམ་པ་དང༌། ས་གནས་ཀྱི་ཚོགས་སྡེ་ཁག་གི་ཚོགས་གཙོ་འགན་འཛིན་རྣམ་པ། མི་མང་བཅས་ནས་ྋརྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁ་ཞུས། དེ་རྗེས་ལྷོ་ཕྱོགས་གཞིས་སྤྱི་ཀརྨ་སེང་གེ་ལགས་ཀྱིས་ངོ་སྤྲོད་ཀྱི་གསུང་བཤད་དང་བཀའ་ཤག་གི་གཏམ་བཤད་སྒྲོགས་སྦྱང་ཞུས། དེ་རྗེས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ངག་དབང་བློ་གྲོས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་ཞུས་རྗེས་ཕྱོགས་བཞུགས་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་ཀྱིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང༌། དེ་ནས་སྐུ་མགྲོན་གཙོ་བོ་གངས་ལྗོངས་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་མང་གཙོའི་ལམ་སྲོལ་ནང་ཐོབ་ཐང་རྐྱང་པ་མ་ཡིན་པར་ལས་འགན་ཡང་ཤེས་རྟོགས་དགོས་རྒྱུ་གལ་ཆེ་ཡིན་སྐོར་དང༌།ལྷག་པར་ཉེ་ལམ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་བོད་མི་རྣམས་ལ་སྩལ་བའི་བཀའ་སློབ་བརྙན་འཕྲིན་བརྒྱུད་མང་ཚོགས་ལ་གཟིགས་འབུལ་ཞུ་རྒྱུ་གལ་ཆེ་ཡིན་སྐོར། དེ་བཞིན་བཙན་བྱོལ་བོད་མི་རྣམས་ལོ་ངོ་ལྔ་བཅུ་ལྷག་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཟིགས་སྐྱོང་དང་བཀྲིན་བསམ་ཡུལ་ལས་འདས་པ་གནང་ཡོད་པས་ད་ཆ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་རང་གཞུང་ལ་ཞབས་འདེགས་ཞུ་རྒྱུའི་དུས་སུ་སླེབས་ཡོད་པ་སོགས་གསུང་བཤད་གཟབ་རྒྱས་གནང༌། དེ་རྗེས་ནང་སྲིད་ལས་ཁུངས་དང་ Techno Serveཚོགས་པ་ཟུང་ནས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནང་མདུན་ལམ་སློབ་སྟོན་པའི་ཚན་པ་Tibetan Career Centreཞིག་སྒོ་ཕྱེ་ཡོད་པའི་སྐོར་གསལ་བསྒྲགས་གནང་རྗེས་ས་གནས་གཞོན་ནུའི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།