༢༠༡༢ ཟླ་ ༩ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་འགན་འཛིན་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣།༤༥ ཐོག་༸གོང་ས་མཆོག་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ས་གནས་སུ་རྟེན་གཞི་བྱས་པའི་འཕགས་ཡུལ་སྨིན་གྲོལ་གླིང་དགོན་དུ་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་༸གོང་ས་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་པར་གྲུབ་སྟེ་སྡེ་ར་ལྡུན་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དང་བདག་མོའི་སྐུ་ཞབས་མཆོག གདུང་སྲས་སྐུ་བགྲེས་བཅས་བཅར་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། གནམ་ཐང་དུ་བྱང་ཕྱོགས་ཁྲིམས་ཞིབ་པ་དང་ཧར་པ་པུར་དང་བདེ་སྐྱིད་གླིང་། དོན་གྲུབ་གླིང་བཅས་ཀྱི་ས་གནས་འགོ་འཛིན་དང་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་དང་འཐུས་མི། མ་སུ་རི་བོད་ཁྱིམ་སློབ་གྲྭའི་དྲུང་ཆེ་དང་ཕྱག་རོགས་ལས་བྱེད། མ་སུ་རི་གཏན་སློབ་ཀྱི་སློབ་སྤྱི། ས་གནས་འཐུས་ཚོགས། རང་བཙན་ཚོགས་ཆུང་གི་འཐུས་མི། བཟོ་འགོ་ཁག ཆོལ་གསུམ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་འཐུས་མི་བཅས་གནམ་ཐང་དུ་བཅར་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ནས་༸གོང་ས་མཆོག་དོན་གྲུབ་གླིང་གཞིས་ཆགས་སུ་༸ཞབས་སོར་འཁོད་སྐབས་ལམ་གཡས་གཡོན་དུ་དད་ལྡན་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོས་ལག་ཏུ་དཀར་གཙང་མཇལ་དར་དང་དྲི་བཟང་བདུག་སྤོས། དགེ་འདུན་པ་རྣམས་ཀྱི་མཆོད་རྫས་སྣ་ཚོགས་ཐོགས་ཏེ་སེར་སྦྲེངས་གཟབ་རྒྱས་དང་སྦྲགས། ཐོག་མར་སྨིན་གླིང་ཁྲི་ཆེན་ཞིང་གཤེགས་དམ་པའི་སྐུ་གདུང་བཞུགས་སུ་གསོལ་བའི་བླ་བྲང་ཀུན་བཟང་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་ཏེ་གསོལ་འདེབས་སྨོན་ལམ་མཛད་ཡོད།
དེ་ནས་ཆུ་ཚོད་ ༤ ཐོག་མཆོད་རྟེན་ཆེན་མོའི་ཚོགས་ཁང་དུ་ཆིབས་སྒྱུར་གྱིས་གནས་གཟིགས་གྲུབ་པ་དང་ཚོགས་ཁང་དེའི་བཞུགས་ཁྲིར་འཁོད་མཚམས་སྨིན་གླིང་ཞབས་དྲུང་པད་རྣམ་ཡང་སྤྲུལ་གྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་མཁན་བླ་སྤྲུལ་རྣམས་ནས་འབུལ་མཚོན་སྤྱན་བསྟར་དང་སྦྲགས། འདུས་དམངས་རྣམས་ཀྱིས་༸གོང་ས་མཆོག་སྐུ་ཚེ་བརྟན་པ་དང་གནས་བརྟན་ཕྱག་མཆོད། བདེན་ཚིག་སྨོན་ལམ་རྣམས་གསུང་འདོན་གནང་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྙིང་བསྡུས་ཕེབས་པའི་ནང་། ད་རེས་ངོས་རང་མ་སུ་རིར་འགྲོ་བའི་སྐབས། འདི་ག་སྨིན་གྲོལ་གླིང་དུ་ཁྱུག་ཙམ་བཅར་ཐུབ་པ་རེད། ཁྲི་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པའི་རྗེས་སུ་གཅིག་བཅར་ཐུབ་རྒྱུའི་འཆར་གཞི་བཀོད་ཡོད་ཀྱང་སྐབས་མཚམས་དེར་བྲེལ་བ་བྱུང་སྟེ་བཅར་ཐུབ་མེད། ད་རེས་འདིར་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང་།
རིན་པོ་ཆེའི་སྐུ་པར་དང་དེའི་རྒྱབ་དེར་གདུང་རྟེན་ཡོད་པར་སྨོན་ལམ་ཞིག་བརྒྱབ་རྒྱུ་བྱུང་བ་སྐལ་པ་བཟང་པོ་བྱུང་། རིན་པོ་ཆེས་དམིགས་བསལ་གྱི་ཐུགས་སྐྱེད་དང་སྨོན་ལམ་ཡོད་པ་ཞིག་ཏན་ཏན་རེད། གཞན་ད་རེས་ཞུ་རྒྱུ་གང་ཡང་མེད། ལོ་རྒྱུས་ནང་ཡོད་པའི་སྔ་འགྱུར་རྙིང་མའི་གདན་ས་ཧ་ལམ་ཞུས་ཆོག་གི་རེད། སྨིན་གྲོལ་གླིང་དང་རྡོ་རྗེ་བྲག་ཅེས་༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་ཐུན་མོང་མིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དངོས་གནས་རྙིང་མའི་བསྟན་པའི་ཁུངས་བཅོལ་ས་ལྟ་བུ་ཆགས་ཡོད། དེར་བརྟེན་ང་ཚོ་བཙན་བྱོལ་དུ་གནས་པའི་རིང་ལ་བསྟན་གཞི་ལྟ་བུ་ཆུང་ཆུང་ཞིག་ཚུགས་ཏེ་ད་ལྟའི་ཆར་དགེ་འདུན་བཞི་བརྒྱ་ལྷག་ཙམ་ཡོད་པ་ཡག་ཐག་ཆོད་རེད། འོན་ཀྱང་སྐབས་རེ་གཙུག་ལག་ཁང་ཆེན་པོ་ཞིག་དང་དེར་གྲྭ་པ་ཚོགས་ཚོགས་མཁན་གང་ཙམ་ཞིག་ཡོད་པ་ཡིན་ན་དེས་ཆོག་ཤེས་བྱས་ཏེ་ལྷོད་གཡེང་བྱེད་རྒྱུ་ཞིག་ཡོང་བཞིན་འདུག དེ་ལྟར་བྱེད་རྒྱུ་མེད། བསླབ་པ་སློབ་གཉེར་བྱེད་རྒྱུ་དང་སློབ་གཉེར་བྱས་པ་དེ་ལག་ལེན་བསྟར་ཏེ་སྒྲུབ་པ་ལ་བརྩོན་ཏེ་མདོར་ན་བཤད་པ་བསྒྲུབ་པ་གཉིས་ཀྱི་ཐོག་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་དེ་ཁོ་ན་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ལས་གཞན་མེད་ཅེས་ཐག་གཅོད་དགོས་པ་ཧ་གོ་དགོས།
ང་ཚོ་བོད་གངས་ཅན་ལྗོངས་སུ་མང་པོ་ཞིག་གིས་བསྟན་པ་ས་དར་རྡོ་དར་ཞེས་བརྗོད་ཀྱི་ཡོད། དེ་ཕྱི་ལོག་ནས་དབྱེང་དབྱེང་ལྟ་བུ་མ་གཏོགས་དོན་ངོ་མའི་ཐོག་དཀོན་པོ་རེད། ང་ཚོ་ཧི་མཱ་ལ་ཡའི་རི་རྒྱུད་ལ་ཆ་བཞག་ནའང་ཕྱིར་དགོན་པ་ཡོད་པ་དང་། དེར་གྲྭ་ཚོགས་ཕྲན་ཙམ་བྱུང་ན་བསྟན་པ་རྒྱས་པའི་བཟོ་ལྟ་བུ་དང་། དེར་གཙུག་ལག་ཁང་དང་མཆོད་རྫས། ཕྱིས་སུ་སྐུ་ཆེན་པོ་བཞེངས་རྒྱུར་དང་འདོད་ཆེན་པོ་འདུག ཁ་སྔོན་མཚོ་པདྨར་གུ་རུའི་སྐུ་ཧ་ཅང་རྫིག་པོ་ཞིག་བཞེངས་འདུག སྐབས་དེར་བརྗོད་རྒྱུ་བྱུང་། སྐུ་བསམ་གྱིས་མི་ཁྱབ་པ་ཞིག་བཞེངས་འདུག སྐུ་འདི་འབྱུང་འགྱུར་ལོ་སྟོང་ཕྲག་འགའ་ཤས་བཞུགས་མདོག་ཁ་པོ་རེད། འོན་ཀྱང་ལོ་སྟོང་ཕྲག་རིང་ལ་གསུང་བྱོན་མདོག་ཁ་པོ་མ་རེད་ཅེས་བརྗོད་རྒྱུ་བྱུང་།
དེར་བརྟེན་ང་ཚོ་མང་པོ་ཞིག་གིས་བསྟན་པ་ངོ་ཐོག་དེ་ག་པར་མཛུབ་མོ་འཛུགས་དགོས་མིན་དོ་སྣང་མ་བྱས་པར་ཕྱིར་འདྲ་ཆགས་པོ་བྱས་ནས་བསྡད་ན་ཆོ་མི་འདུག ད་ཆ་ང་ཚོ་བསྟན་པ་ཆགས་འཇིག་གི་མཚམས་སུ་སླེབས་ཡོད། དངོས་གནས་ཁ་ཡོད་ལག་ཡོད་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་རེད་མ་གཏོགས་འདྲ་ཆགས་པོ་བྱས་ནས་ཕན་ཐོགས་མེད། ངོས་ནས་གང་སར་བརྗོད་ཀྱི་ཡོད། ཁ་སེང་ལ་དྭགས་སུའང་བརྗོད་པ་ཡིན། ད་བར་དུ་ཁྱེད་ཚོས་ཧུར་ཐག་འབད་ཐག་གནང་བ་རེད། ཁྲི་ཆེན་ཞིང་གཤེགས་ཀྱིས་ཐུགས་སྐྱེད་སྨོན་ལམ་ཡོད་པ་བཞིན་དེ་བསྒྲུབ་པ་ཞིག་དང་དེ་མཐའ་འཁྱོང་བ་ཞིག་ཡོང་བ་ཚང་མས་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན། ད་རེས་ལྷོད་ལྷོད་བྱུང་མ་སོང་ཡང་མ་འོངས་པར་བལྟ་ཆོག་གི་རེད། ཅེས་བཀའ་སློབ་སྙིང་བསྡུས་སྩལ་གྲུབ་རྗེས་ཉིན་འདིའི་མཛད་འཕྲིན་ཁག་ལེགས་པར་གྲུབ་པ་བཅས།།