༢༠༡༢ ཟླ་ ༩ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ (JAMIA MILLIA ISLAMIA UNIVERSITY) ཇ་མི་ཡ་མི་ལི་ཡ་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་གིས་༸གོང་ས་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར། སློབ་གཉེར་ཁང་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་སློབ་གཉེར་ཁང་དེའི་སློབ་ཕྲུག་ཁོངས་ནས་དྲག་འདེམས་བྱས་པའི་སློབ་མ་ཁག་གཅིག་དང་སློབ་དཔོན། ལས་བྱེད། དེ་བཞིན་སྐུ་མགྲོན་བཅས་མི་མང་བརྒྱ་ཕྲག་བརྒལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་གལ་གནད་དང་བཟང་སྤྱོད་ཀྱི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་སློབ་ཕྲུག་ཚོར་དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་གསོལ་རས་སྩལ་ཡོད།
དེ་ཡང་ཉིན་དེའི་ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་དུ་༸ཞབས་སོར་འཁོད་སྐབས་སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་ནཱ་ཇིབ་ཇུང་ (Vice Chancellor Najeeb Jung) མཆོག་དང་དགེ་ལས་སློབ་ཕྲུག་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་དང་སྦྲགས་ཚོགས་ཁང་ཆེ་མོར་གདན་འདྲེན་ཞུས་ཏེ་བཞུགས་གྲལ་དུ་འཁོད་རྗེས་ཐོག་མར་སློབ་ཕྲུག་གཅིག་གིས་ཁ་ཆེའི་འདོན་པ་བཏོན་ཏེ་ལྷན་ཚོགས་འགོ་བཙུགས་ཀྱིས་གཙུག་ལག་སློབ་གཉེར་ཁང་དེའི་མཛད་རིམ་ངོ་སྤྲོད་པ་དང་ཉེ་བའི་རིགས་བདག་བཅས་ནས་དེར་བཅར་བའི་དགེ་ལས་སློབ་ཕྲུག་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་ཀྱི་གསུང་བཤད་གནང་བའི་ནང་། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གཙུག་ལག་སློབ་གཉེར་ཁང་འདིར་ལོ་བཞིའི་རྗེས་སླར་ཡང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་འཚམས་འདྲི་དང་གཙུག་ལག་སློབ་གཉེར་ཁང་འདིའི་དགེ་ལས་སློབ་ཕྲུག་ཚང་མའི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་བརྗོད་གཞི་ འཚེ་མེད་ཞི་བའི་གལ་གནད་དང་བཟང་སྤྱོད་ཀྱི་རིན་ཐང་ཞེས་པ་འདིའི་ཐད་བཀའ་སློབ་སྩོལ་མཁན་༸གོང་ས་ཏཱ་ལའི་བླ་མ་མཆོག་ལས་ལྷག་པ་ཞིག་རྩ་ནས་བ་མེད། ཅེས་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་པའི་ནང་། ཕྲན་གྱི་ཡུན་རིང་གི་གྲོགས་པོ་གཙུག་ལག་སློབ་གཉེར་ཁང་འདིའི་ཉེ་བའི་རིགས་བདག་མཆོག་དང་།
དེ་བཞིན་སློབ་དཔོན་དང་སློབ་དགེ་རྣམ་པ། གཞན་ཡང་གཅེན་གཅུང་རྣམ་པར་འཚམས་འདྲི་དང་སྦྲགས་དེ་རིང་འདིར་འགྲོ་བ་མིའི་རིན་ཐང་སྐོར་གཙོ་བོ་བརྗོད་རྒྱུ་ཡིན། དེ་ཡང་ཕྱི་ལུས་པོ་དང་ནང་བསམ་པའི་ཆ་ནས་ང་ཚོ་ཚང་མ་གཅིག་མཚུངས་ཡིན། འགྲོ་བ་མིའི་རིགས་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། ང་ཚོ་འགྲོ་བ་མི་རྣམས་སྤྱི་ཚོགས་སེམས་ཅན་ཞིག་ཡིན་པའི་ཆ་ནས་དབང་ཤུགས་དང་ཤེས་ཡོན་ཡོད་མེད་ལ་མ་ལྟོས་པར་རང་ཉིད་ཁེར་རྐྱང་གཅིག་པུར་འཚོ་ཐབས་མེད་པ་ཞིག་ཡིན། ང་ཚོ་འཚོ་གནས་ཐུབ་མིན་དེ་ནི་འགྲོ་བ་སྤྱིར་རག་ལུས་ཡོད་པར་བརྟེན། ངོས་ཀྱིས་སྤྱི་ཚོགས་སེམས་ཅན་ཞེས་བརྗོད་བཞིན་ཡོད། ནང་མི་ཆུང་ངུ་ཞིག་ལ་ཆ་མཚོན་ན། དེའི་ནང་མི་རྣམས་ཕན་ཚུན་བྱམས་བརྩེ་ལྡན་པ་ཞིག་ཡིན་ཚེ། ནང་མི་ཕན་ཚུན་མུ་མཐུད་མཛའ་མཐུན་ངང་གནས་ཐུབ་པ་དང་བདེ་སྐྱིད་ལྡན་པ་ཡོད། དེ་མིན་ནང་མི་དེའི་ནང་ཡང་སེ་ཁོང་ཁྲོ་དང་ང་རྒྱལ།ཡིད་ཆེས་མེད་པར་འགྱུར་ན་མི་རིང་བར་ནང་མི་དེ་རྣམས་བདེ་བ་མེད་པར་འགྱུར་གྱི་རེད།
འཛམ་གླིང་འདིའི་སྟེང་གནས་པའི་མི་གྲངས་ཐེར་འབུམ་བདུན་ཡོད་པ་ཚང་མ་དེ་ལྟར་གཅིག་མཚུངས་ཡིན། ཕན་ཚུན་དབྱེ་འབྱེད་བྱ་རྒྱུའི་དགོས་པ་མེད། གོ་ལ་འདིའི་སྟེང་གནས་པའི་དོན་ལྡན་གྱི་འགྲོ་བ་མི་ཞིག་བྱེད་དགོས་པ་ཡིན། ང་ཚོས་འདོད་ཀྱང་རུང་མ་འདོད་ཀྱང་རུང་གོ་ལ་འདིའི་སྟེང་གི་རླུང་དང་ཆུ་སོགས་མཉམ་སྤྱོད་བྱེད་དགོས་པ་ཡིན། དེ་ཡང་མི་དང་སྲོག་ཆགས་གཞན་རྣམས་མཉམ་དུ་འཚོ་གནས་བྱེད་དགོས་པ་ཆགས་ཡོད་པ་དེ་གཞི་རྩའི་དངོས་ཡོད་གནས་ཚུལ་ཞིག་ཆགས་ཡོད། ཅེས་དང་། དེ་བཞིན་གོ་ལའི་ཚ་དྲོད་འཕེལ་བའི་ཁོར་ཡུག་གི་དཀའ་ངལ་སྐོར་དང་། དྲང་བདེན་དང་ཕྱི་གསལ་ནང་གསལ་དགོས་པ། དུས་རབས་ཉི་ཤུ་པར་ཚན་རིག་སོགས་ཕྱི་དངོས་པོ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། དུས་རབས་དེར་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་ཚད་ལས་བརྒལ་བ་བྱུང་བ། དུས་རབས་ཉེར་གཅིག་པ་འདི་བཞིན་གྲོས་མོལ་གྱི་དུས་རབས་ཤིག་ཡིན་སྐོར་སོགས་ཀྱིས་བཀའ་སློབ་ཟབ་རྒྱས་སྩལ་བར་བརྟེན། ཚོགས་བཅར་བ་དགེ་ལས་སློབ་ཕྲུག་དང་སྐུ་མགྲོན་རྣམས་ཀྱིས་གཟབ་ནན་ཐོག་གསན་པ་མ་ཟད། ཐུགས་རྗེ་ཆེ་ཞུའི་དགའ་བསུ་ཡང་ཡང་ཞུས་ཡོད། དེ་ནས་སློབ་ཕྲུག་རྣམས་ལ་དྲི་བ་འབུལ་རྒྱུའི་གོ་སྐབས་སྩལ་བ་བཞིན་སློབ་ཕྲུག་བཅུས་དྲི་བ་འདྲ་མིན་འབུལ་ལམ་ཞུས་པར་རེ་རེ་བཞིན་བཀའ་ལན་སྩལ།
དེ་ཡང་སློབ་ཕྲུག་གི་དྲི་བའི་ནང་འཚེ་མེད་ཞི་བ་དང་འབྱུང་འགྱུར་འཚེ་མེད་ཞི་བ་གོང་འཕེལ་གཏོང་ཐབས། བོད་མིའི་འགོ་ཁྲིད་ཇི་ལྟ་ཡོད་སྐོར། འབར་མར་ཉེ་ལམ་དཀའ་ངལ་འཕྲད་པའི་སྐོར། ཁོང་ཁྲོར་གཉེན་པོ་ཇི་ལྟར་བསྟེན་དགོས་སོགས་ཀྱི་དྲི་བ་རྣམས་ལ་བཀའ་ལན་ཟབ་རྒྱས་སྩལ་ཏེ་གཙུག་ལག་སློབ་གཉེར་ཁང་དེའི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་བཞུགས་གནས་མགྲོན་ཁང་ལ་ཆིབས་ཞལ་བསྒྱུར།
སྤྱིར་གཙུག་ལག་སློབ་གཉེར་ཁང་འདི་ནི་རྒྱ་གར་ནང་སྙན་གྲགས་ཅན་གྱི་སློབ་གཉེར་ཁང་གཅིག་ཡིན་ལ་སློབ་གཉེར་ཁང་འདིས་ཕྱི་ལོ་ ༢༠༡༠ ལོར་གཙུག་ལག་སློབ་གཉེར་ཁང་དེའི་སློབ་ཐོན་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་མཁས་པའི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད།
དེ་ཡང་༸གོང་ས་མཆོག་གིས་རིགས་རུས་དབྱེ་འབྱེད་མེད་པར་འགྲོ་བ་མིའི་ཐོབ་ཐང་དང་། འཚེ་བ་མེད་པ། ཞི་བདེ། ཡོངས་ཁྱབ་ཀྱི་གཞན་ཕན་ཆེད་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ལ་བརྟེན། ལོ་བཞིའི་སྔོན་ལ་མཁས་པའི་ཆེ་བསྟོད་ཀྱི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད་འདུག་པ་བཅས།།