༢༠༡༢ ཟླ་ ༩་ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༢ ཉིན་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Members of the Parliamentary Group on Tibet འཐུས་མི་རྣམས་ཀྱིས་སུད་སི་གྲོས་ཚོགས་ནང་དྲི་བའི་དུས་ཚོད་ཀྱི་གོ་སྐབས་བཟུང་སྟེ་བོད་ཀྱི་གནད་དོན་གླེང་ཡོད། དེ་ཡང་སྐབས་དེར་སུད་སི་གྲོས་ཚོགས་ཀྱི་སྤྱི་ཚོགས་མང་གཙོ་ཚོགས་པའི་Social-Democratic Party གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཊིན་ནེབ་ MP Martin Naef མཆོག་གིས་སུད་སི་གཞུང་གིས། བོད་ནང་གི་གནས་སྟངས་དེ་བཞིན་སླར་ཡང་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་པར་ངོས་འཛིན་བྱེད་ཀྱི་ཡོད་མེད་དང། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༠ ནས་ ༢༨ བར་སུད་སི་གྲོང་ཁྱེར་ཇི་ནི་ཝེའི་ནང་ཚུགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་ལྷན་ཚོགས་ཐེངས་ ༢༡ སྐབས་འདིར་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སུད་སི་གཞུང་གིས་སེམས་འཚབ་ཀྱི་རྣམ་པ་འདོན་འཆར་ཡོད་མེད་བཅས་དྲི་བ་ཞུས་ཡོད་པ་མ་ཟད།
ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཡཱ་གྷ་རབ་ Maya Graf མཆོག་ནས་གསུང་དོན། འཇིག་ཉེན་མི་རིགས་མཐུན་ཚོགས་ Society for Threatened People ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༤ ཉིན་སྤེལ་བའི་འབོད་སྐུལ་གྱི་ཞུ་ཡིག་ནང། དེང་སྐབས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐོག་ཧ་ཅང་སེམས་འཚབ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང། བོད་མི་ཚོས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་འཕྲད་བཞིན་པའི་དཀའ་ངལ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་པ་དང་། རྒྱ་ནག་གཞུང་གིས་བོད་ནང་དུ་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་མྱུར་དུ་མཚམས་འཇོག་ཡོང་ཆེད་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་འདོན་རོགས་ཞེས་འབོད་སྐུལ་ཞུས་དང་ཞུ་མུས་ཡིན་ཞེས་སོགས་འཁོད་ཡོད། ཅེས་གསལ་བཤད་གནང་རྗེས།
སུད་སི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཌི་ཌེར་བྷུར་ཁལ་ཊར་ Didier Burkhalter མཆོག་གིས་ལན་འདེབས་གནང་བའི་ནང་སུད་སི་གཞུང་གིས་བོད་ཀྱི་གནད་དོན་ཐོག་སེམས་འཚབ་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་གྱི་ལས་གཞི་ཁག་གཅིག་ལག་བསྟར་བྱེད་བཞིན་པའི་སྐོར་གསལ་བཤད་གནང་དོན། དེ་རིང་ཁྱེས་ནས་གང་གསུངས་པ་དེ་ནི་ང་ཚོས་སེམས་འཚབ་བྱེད་བཞིན་པའི་གནད་དོན་ཞིག་ཆགས་ཡོད། སུད་སི་གཞུང་གིས་ Swiss Federal Council བོད་ནང་གི་གནས་སྟངས་ཐོག་སེམས་འཚབ་བྱེད་བཞིན་ཡོད། ལྷག་པར་དུ་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་པ་དེར་སེམས་འཚབ་ཧ་ཅང་ཐོག་དོ་སྣང་བྱེད་བཞིན་ཡོད། སུད་སི་གཞུང་གིས་བོད་རང་སྐྱོང་ལྗོངས་དང་བོད་རིགས་གནས་སྡོད་བྱེད་སའི་ས་ཁུལ་གྱིས་གཙོས་རྒྱ་ནག་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་ཧ་ཅང་སེམས་འཚབ་བྱེད་བཞིན་ཡོད། དེར་བརྟེན་སུད་སི་གཞུང་ནས་རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་དང་ལྷན་གནད་དོན་དེ་དག་ཐོག་གྲོས་མོལ་བྱས་དང་བྱེད་མུས་ཡིན་པ་མ་ཟད། རྒྱ་ནག་གཞུང་ནས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་ཆོས་དད་དང་སྨྲ་བརྗོད་སོགས་ཀྱི་རང་དབང་ལ་བརྩི་བཀུར་ཞུ་དགོས་པའི་རེ་འདུན་བཏོན་ཡོད། ང་ཚོས་རྒྱ་ནག་གཞུང་དང་ལྷན་གནད་དོན་དེ་དག་ཐོག་བགྲོ་གླེང་མཐའ་མ་དེ་ཕྱི་ལོ་ ༢༠༡༡ ཟླ་ ༣ ནང་སུད་སི་རྒྱལ་ས་བྷན་ Berne ནང་བྱུང་ཡོད།
ཕྱོགས་མཚུངས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སུད་རྒྱ་ཡུལ་གཉིས་ཀྱི་བློན་ཆེན་གནས་ཚད་ཐོག་ནས་བགྲོ་གླེང་ཡང་བྱུང་ཡོད་པ་ནི་དཔེར་ན། སུད་སི་ཕྱི་འབྲེལ་ལས་དོན་ཚན་པའི་དྲུང་ཆེ་མཆོག་གིས་འབྲེལ་ཡོད་རྒྱ་ནག་དཔོན་རིགས་དང་ལྷན་ཕྱི་ལོ་ ༢༠༡༢ ཟླ་ ༧ ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་མོལ་གནང་ཡོད། ཅེས་ལན་འདེབས་གནང་ཡོད།
གཞན་ཡང་ཕྱི་སྲིད་བློན་ཆེན་མཆོག་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་གླེང་སློང་གནང་འཆར་ཡོད་མེད་སྐོར་གྱི་དྲི་བར་ལན་འདེབས་གནང་དོན། བདུན་ཕྲག་འདིའི་ནང་དབུ་འཛུགས་གནང་བའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༡ སྐབས་ང་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་རྒྱུ་མ་ཟད། སུད་སི་གཞུང་གི་ཕྱི་འབྲེལ་ལས་དོན་ཚན་པས་རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་སུད་སི་གཞུང་ཚབ་བརྒྱུད་གནད་དོན་དེ་དག་ཐོག་ཁ་གསལ་དང་གཟབ་ནན་ཐོག་ཞིབ་འཇུག་བྱ་རྒྱུ་ཡིན། འདས་པའི་ཟླ་ ༡༢ ནང་སྟེ་ཕྱི་ལོ་ ༢༠༡༡ ཟླ་ ༩ ནང་དང་ཕྱི་ལོ་ ༢༠༡༢ ཟླ་ ༦ ནང་པེ་ཅིང་དུ་ཡོད་པའི་སུད་སི་གཞུང་ཚབ་མཆོག་གིས་བོད་ནང་དངོས་སུ་ཕེབས་ཏེ་གནས་སྟངས་རྟོག་ཞིབ་གནང་ཡོད། དེར་བརྟེན་སུད་སི་གཞུང་ནས་བོད་ནང་གི་གནས་སྟངས་ཐོག་མུ་མཐུད་དོ་སྣང་བྱེད་བཞིན་ཡོད། ཅེས་ལན་འདེབས་གནང་ཡོད།
འོན་ཀྱང་སུད་བོད་མཛའ་འབྲེལ་ཚོགས་པས་ The Swiss Tibetan Friendship Association
སུད་སི་གཞུང་ནས་རྒྱ་ནག་དང་ཐད་ཀར་བོད་ཀྱི་གནད་དོན་གླེང་དགོས་པའི་རེ་འདུན་འདོན་བཞིན་ཡོད་པ་བཅས།།