༢༠༡༢ ཟླ་ ༩ ཚེས་ ༤ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣༡ རེས་གཟའ་པ་སངས་ཉིན་དགོང་དྲོ་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་ནོར་གླིང་བོད་ཀྱི་གསོལ་མགྲོན་ཁང་དུ་རྒྱ་རིགས་རྩོམ་པོ་དང༌། ཤེས་ཡོན་ཅན། སློབ་ཕྲུག་སོགས་རྒྱ་རིགས་གྲོགས་པོ་ཁག་གཅིག་དང༌། བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་བཅས་ཁྱོན་མི་གྲངས་ ༦༠ ཉེ་བ་མཉམ་འཛོམས་ཀྱིས་སྣེ་ལེན་འདུ་འཛོམས་གནང་བའི་ལམ་ནས་བོད་ཀྱི་མིག་སྔའི་ཛ་དྲག་གནས་སྟངས་ཐོག་བསམ་ཚུལ་བརྗེ་ལེན་གནང་ཞིང༌། སྐབས་དེའི་འདུ་འཛོམས་ཀྱི་རྣམ་པ་ནི་འཁྲུག་ཆ་དོད་ཅིང་དོན་སྙིང་ལྡན་པ་ཞིག་བྱུང༌ཡོད།
བོད་རྒྱ་མཉམ་འཛོམས་ཀྱི་ཚོགས་འདུ་ནི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་གཙོ་སྐྱོང་གནང་བ་དང༌། སྐབས་དེར་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བའི་གནས་ཚུལ་དང་འབྲེལ་བའི་སྐོར་རྒྱ་རིགས་གྲོགས་པོ་རྣམས་ལ་ངོ་སྤྲོད་གནང་སྐབས། ཁོང་གིས། རྒྱ་རིགས་གྲོགས་པོ་ཚོས་བོད་མིས་རང་ལུས་མེར་སྲེག་གཏོང་བའི་དོན་རྐྱེན་ལ་སྔར་བཞིན་ཐུགས་སྣང་ཡོང་བའི་འབོད་སྐུལ་གནང་བ་མ་ཟད། ཁོང་རྣམ་པའི་ཐུགས་སྣང་བརྒྱུད་རྒྱ་རིགས་སྔར་ལས་མང་བས་བོད་ཀྱི་དངོས་ཡོད་གནས་ཚུལ་མཁྱེན་པའི་རེ་བ་ཡང་གནང་ཡོད། སྐུ་ཚབ་དོན་གཅོད་ཀྱིས་ད་དུང་ཕྱི་ལོ་ ༢༠༠༩ ནས་དེ་རིང་བར་ཁྱོན་བོད་ནང་གི་བོད་མི་ ༥༡ ཙམ་གྱིས་རང་ལུས་མེར་སྲེག་བཏང་ཡོད་པ་དེ་ནི་རྒྱ་ནག་གཞུང་གི་དབང་སྒྱུར་ལ་མི་འདོད་པའི་རྐྱེན་གྱིས་ཡིན་སྟབས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ད་ལྟའི་སྲིད་བྱུས་ལ་ངེས་པར་དུ་བསྐྱར་ཞིབ་དང་འབྲེལ་བོད་ཀྱི་གནད་དོན་ཐོག་འགྱུར་བ་ཞིག་གཏོང་དགོས་པའི་རེ་བ་གནང་ཡོད། མཇུག་ཏུ་ཁོང་གིས་འདས་པའི་དུས་ཡུན་ནང་རྒྱ་རིགས་གྲོགས་པོ་ཚོས་ལྷག་བསམ་རྣམ་དག་ངང་གང་ཅིའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
འདུ་འཛོམས་ལ་ཕེབས་པའི་རྒྱ་རིགས་རྩོམ་པ་པོ་དང༌། ཤེས་ཡོན་ཅན།སློབ་ཕྲུག མཁས་དབང་ཚོས་ཀྱང་རང་རང་སོ་སོའི་བསམ་ཚུལ་གསལ་སྟོན་གནང་ཡོད། པེ་ཅིང་དཔྱིད་ཀ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཧུའུ་ཕིང་གིས། བོད་མིས་རང་ལུས་མེར་སྲེག་བཏང་བ་དེ་ནི་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ནང་གནོན་བཙིར་གྱི་སྲིད་བྱུས་ལག་བསྟར་བྱས་པ་ལས་བྱུང་ཞིང༌། བོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ན། སྔོན་ལ་ངེས་པར་དུ་རྒྱ་ནག་གི་གནད་དོན་ཐག་གཅོད་བྱེད་དགོས་ཀྱི་རེད་ཅེས་གསུངས་ཡོད། ནིའུ་ཡོཀ་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མཁས་དབང་ཤཱ་མིང་གིས། རྒྱ་རིགས་ཚོས་བོད་རིགས་ལ་འཕྲད་བཞིན་པའི་དཀའ་སྡུག་ཚོར་དགོས་ཞེས་གསུངས་ཡོད། དེ་སྔ་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་ཤེས་ཡོན་ཅན་ཡིན་པའི་ཀྲང་སྦོ་ཧྲུའུ་ཡིས། བོད་ཀྱི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་ཡོང་ཐུབ་མིན་དང༌། རྒྱ་ནག་མང་གཙོར་འགྱུར་ཐུབ་མིན་ནི་རྒྱ་བོད་མི་རིགས་གཉིས་ཀས་ཐུན་མོང་ཐོག་འབད་བརྩོན་བྱེད་ཐུབ་མིན་ལ་རག་ལུས་ཡོད་ཅེས་གསུངས། གནད་དོན་དབྱེ་ཞིབ་པ་གྲན་ཕོ་ཁུང་གིས། བོད་མིས་རང་ལུས་མེར་སྲེག་བཏང་བ་ནི་རྒྱ་ནག་གུང་ཁྲན་གཞུང་གི་གདུག་རྩུབ་ལ་མི་བཟོད་རྐྱེན་ལས་བྱུང་བ་ཞིག་རེད་ཅེས་དང༌། ཡང་ཁོང་གིས། བོད་པས་རང་ལུས་མེར་སྲེག་བཏང་བ་མཐོང་དུས་སེམས་པ་ཧ་ཅང་སྐྱོ་གི་འདུག རྒྱ་རིགས་ཚོས་རོགས་པ་རྒྱ་ཆེན་པོ་བྱེད་མ་ཐུབ་ཀྱང༌། རང་ནུས་གང་ལྕོག་གིས་རྩོམ་ཡིག་འབྲི་བ་དང༌། དེང་དུས་སྤྱི་ཚོགས་དྲྭ་རྒྱའི་ཐོག་གནས་ཚུལ་ངོ་སྤྲོད་བྱེད་པའི་ལམ་ནས་བོད་མིའི་བདེ་སྡུག་ལས་དབང་གི་ཆེད་དུ་རྒྱབ་སྐྱོར་གྱི་སྐད་སྒྲ་ཐོན་པ་བྱེད་དགོས་ཞེས་གསུངས་ཡོད།
གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན་དང༌། རྩོམ་པ་པོ། སློབ་ཕྲུགདཔྱད་གཏམ་པ། དེ་བཞིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང༌། གཞོན་ནུ། བོད་མེད་ཚོགས་པའི་ཚོགས་གཙོ་སོགས་རྒྱ་བོད་མི་གྲངས་ ༦༠ ཙམ་ཐེངས་འདིའི་འདུ་འཛོམས་ལ་མཉམ་ཞུགས་གནང་ཙམ་མ་ཟད། ལྷག་པར་རྒྱ་རིགས་སློབ་ཕྲུག་གི་སྐུ་ཚབ་སོགས་གཞོན་སྐྱེས་མི་རབས་ཀྱིས་བོད་ཀྱི་གནད་དོན་ལ་སྔར་དང་མི་འདྲ་བའི་དོ་སྣང་ཆེ་རུ་ཕྱིན་ཡོད་པ་ནི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན་པ་བཅས།།