༢༠༡༢ ཟླ་ ༩ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༨ རེས་གཟའ་མིག་དམར་ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝེའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༡ ཚུགས་བཞིན་པའི་སྐབས་དང་བསྟུན། སྤྱིར་སྟངས་གནད་དོན་སྐོར་བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་དུས་ཤིག་སྐབས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་སོགས་ལ་བགྲོ་གླེང་གནང་ཡོད། སྐབས་དེར་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་སྐུ་ཞབས་ས་ཡེབ་རོ་སི་ Cyprusམཆོག་གིས་བོད་དང་ཤིང་ཅང་སོགས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་ནང་ཆོས་དད་དང་སྐད་ཡིག འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་ཚུལ་འཐོན་བཞིན་པ་དེར་ཧ་ཅང་སེམས་ཚབ་བྱེད་བཞིན་ཡོད། ང་ཚོས་གཞུང་འབྲེལ་བརྒྱུད་ལམ་འདྲ་མིན་བརྒྱུད་རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་གནད་དོན་དེ་དག་སྐོར་མུ་མཐུད་གླེང་གློང་བྱ་རྒྱུ་ཡིན། ཞེས་གསུངས།
དེ་བཞིན་སྐབས་དེར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་འཐུས་མི་མཆོག་གིས་གསུངས་དོན། བོད་མི་གནས་སྡོད་བྱེད་སའི་ས་ཁུལ་ཁག་གི་ནང་ཆོས་དད་རང་དབང་ལ་དམ་བསྒྲགས་ཧ་ཅང་བྱས་པར་བརྟེན་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཇེ་མང་དུ་ཕྱིན་ཏེ་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་ང་ཚོས་སེམས་ཚབ་ཧ་ཅང་བྱེད་བཞིན་ཡོད། ཉེ་ལམ་བོད་མི་ཤེས་ཡོན་ཅན་དང་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བའི་མི་སྣ་ཁག་གིས་རང་གི་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་པའི་ཉེ་མིང་འོག་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། བོད་མི་ཡོན་ཏན་རྒྱ་མཚོས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་གནས་ཚུལ་ཕྱི་གྱར་བྱས་པའི་ཉེ་མིང་འོག་ཁྲིམས་ཆད་བཏང་ཡོད། ཅེས་གསུངས། ཕྱོགས་མཚུངས་སུ་ཝི་ཌེན་ Sweden སྐུ་ཚབ་འཐུས་མི་མཆོག་གིས་རྒྱ་ནག་གཞུང་གིས་བོད་དང་ཤིང་ཅང་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས། ཞེས་གསུངས།
གཞན་ཡང་སྐབས་དེར་ཨ་རིའི་སྐུ་ཚབ་འཐུས་མི་མཆོག་གིས་གསུང་དོན། རྒྱ་ནག་གཞུང་གིས་ཞི་རྒོལ་བ་རྣམས་འཛིན་བཟུང་དང་ཉེས་འཛུགས་བྱས་པ། གར་སོང་ཆ་མེད་བཟོས་པ། དུས་ཚོད་ཚང་ཟིན་ཡང་མུ་མཐུད་བཀག་ཉར་བྱས་པ། དྲ་རྒྱར་དམ་བསྒྲགས་བྱས་པ། འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པར་བསུན་གཙེར་བཟོས་པ། ཞི་རྒོལ་བ་ཚོའི་ནང་མི་དང་ཚོགས་པ་སྐྱིད་སྡུག་ཁག དེ་བཞིན་གསར་འགོད་པ་སོགས་ལ་བསུན་གཙེར་བཟོས་པ། དེ་བཞིན་ཆོས་དད་རང་དབང་ལ་དམ་བསྒྲགས་བྱས་པ་མ་ཟད། རྒྱ་ནག་གཞུང་གི་སྲིད་བྱུས་འོག་གྲངས་ཉུང་མི་རིགས་ཚོའི་ཆོས་དད་དང་སྐད་ཡིག རིག་གཞུང། རིག་གཞུང་གི་འཚོ་བའི་རྟེན་གཞི་བཅས་ལ་རྩིད་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད། ཅེས་གསལ་བཤད་གནང།
དེ་བཞིན་སུད་སི་སྐུ་ཚབ་འཐུས་མི་མཆོག་གིས་གསུངས་དོན། སུད་སི་གཞུང་གིས་རྒྱ་ནག་ནང་གྲངས་ཉུང་མི་རིགས་གནས་སྡོད་བྱེད་སའི་ས་ཁུལ་ཁག་ཏུ་གནས་སྟངས་མུ་མཐུད་ཛ་དྲག་ཏུ་འགྲོ་བཞིན་པ་དེར་ཧ་ཅང་སེམས་ཚབ་ཡོད་པར་བརྟེན། སུད་སི་གཞུང་གིས་རྒྱ་ནག་གཞུང་ལ་གྲངས་ཉང་མི་རིགས་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩི་བཀུར་ཞུ་དགོས་པའི་རེས་འདུན་འདོན་བཞིན་ཡོད། ཕྱོགས་མཚུངས་ཇར་མེན་སྐུ་ཚབ་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་གྲགས་གཏམ་ལ་རྒྱབ་སྐྱོར་ཐོག་རྒྱ་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དེར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད།
གཞན་ཡང་བགྲོ་གླེང་ལྷན་ཚོགས་སྐབས་འཇིགས་ཉེན་མི་རིགས་སྲུང་སྐྱོབ་ཚོགས་པའི་སྐུ་ཚབ་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་གསུངས་དོན། བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་གནས་སྟངས་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཛ་དྲག་གི་གནས་སྟངས་དེར་ཧ་ཅང་བློ་ཚབ་བསྐྱེ་རྒྱུ་ཞིག་ཡིན། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༥༡ གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ནས་བོད་མི་ཚོར་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་ཞི་རྒོལ་དང་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱབ་སྐྱོར་ཐོབ་ཆེད་བོད་མི་དེ་དག་གིས་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་བྱས་ཡོད་པ་དང། བོད་མི་དེ་དག་གི་ཁྲོད་ནས་ ༤༡ འདས་གྲོངས་སུ་གྱུར་ཡོད་པ་དང་། བོད་མི་དེ་དག་ཚང་མས་མགྲིན་དབྱངས་གཅིག་འགྱུར་ངང་ནས་བོད་ལ་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་པའི་འབོད་ཚིགས་བསྒྲགས་ཡོད། རྒྱ་ནག་གཞུང་གིས་བོད་མི་ཞི་རྒོལ་བ་དེ་དག་ཐོག་དྲག་གནོན་བེད་སྤྱོད་བྱས་ཡོད། གཞན་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གི་ནང་དམིགས་བསལ་དམ་བསྒྲགས་བྱས་དང་བྱེད་མུས་ཡིན་པ་ནི་དཔེར་ན། འདི་ལོའི་ཕྱི་ཟླ་ ༨ ནང་འབར་ཁམས་རྒྱལ་རོང་མཚོ་བདུན་དགོན་པའི་དགེ་འདུན་པ་ལྔ་མཚན་མོར་འཛིན་བཟུང་བཀག་ཉར་བྱས་འདུག དགེ་འདུན་པ་ཁོང་རྣམས་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཡིན་ད་དུང་ཤེས་རྟོགས་ཐུབ་མེད། གཞན་ཡང་ད་དུང་བོད་མི་ཤེས་ཡོན་ཅན་དང་རྩོམ་པ་པོ། སྒྱུ་སྩལ་བ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ། ཁོར་ཡུག་སྲུང་སྐྱོབ་པ། དྲ་རྒྱ་ཟིན་འདྲི་བ་བཅས་བོད་མི་གྲངས་ ༦༤ ཙམ་འཛིན་བཟུང་བྱས་པ་དང། འགའ་ཤས་བཀག་ཉར་བྱས་པ། འགའ་ཤས་ལ་ཁྲིམས་ཆད་བཏང་བ། འགའ་ཤས་བཀག་ཉར་འོག་འཆི་འགྲོ་རྒྱུའི་ཉེན་ཁར་གཞིགས་ཏེ་གློས་བཀྲོལ་བཏང་བ། དེ་བཞིན་སློབ་གྲྭའི་དགེ་རྒན་འགའ་ཤས་ཀྱིས་གཞས་ཚིགས་ནང་རྒྱ་ནག་གཞུང་གིས་བོད་མིའི་ཤེས་ཡོན་ཐོག་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པ་རྣམས་སློབ་གྲྭ་ནས་གོ་གནས་ཕབ་པ་དང་ཕྱིར་འབུད་བྱས་པ་སོགས་བྱུང་ཡོད། ཅེས་གསལ་བཤད་གནང་ཡོད་པ་མ་ཟད། བསྟན་འཛིན་བསམ་འཕེལ་ལགས་ཀྱིས་སྐབས་དེར་ཉེ་ལམ་དཀར་མཛེས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་བོད་རིགས་བུ་མོ་འཇིགས་མེད་སྒྲོལ་མས་ཞི་རྒོལ་སྐད་འབོད་བྱས་པར་ལོ་གསུམ་གྱི་ཁྲིམས་ཆད་བཏང་ཡོད་སྐོར་གསལ་བཤད་བྱེད་སྐབས་ཚང་མས་ཧ་ཅང་དོ་སྣང་གནང་ཡོད་པ་བཅས།།