༢༠༡༢ ཟླ་ ༩ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༢ ཉིན་བཞུགས་སྒར་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་ཐོག ལྕགས་ཡོས་བཙན་རྒོལ་མེ་ལྕེའི་དཔེ་དེབ་དབྱིན་ཡིག་ཐོག་ཕབ་སྒྱུར་ཞུས་པ་དེ་བཞིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་ཡོད། དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༣ ཐོག་བཀའ་ཁྲི་མཆོག་དང་། མདོ་སྨད་སྤྱི་འཐུས་སྨན་པ་མཁྱེན་རབ་ལགས། མདོ་སྨད་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས། མདོ་སྨད་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས། སྤྱི་འཐུས་རྒྱུན་ལས་ཁག་གཅིག་དང་གསར་འགོད་པ་བཅས་ལྷན་འཛོམས་ཐོག་མདོ་སྨད་སྤྱི་འཐུས་སྨན་པ་མཁྱེན་རབ་ལགས་ཀྱིས་རྩོམ་སྒྲིག་ཚོགས་ཆུང་གི་ལས་དོན་ངོ་སྤྲོད་གནང་རྗེས། སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་བའི་ནང་རྒྱ་ནག་གཞུང་དང་ང་ཚོའི་དབར་ཁ་ནས་ཤོད་རེས་ཀྱི་རྩོད་གླེང་མང་པོ་ཞིག་འགྲོ་གི་ཡོད། དེའི་ནང་བདེན་པ་ང་ཚོར་ཡོད་པར་བརྟེན། ཁུངས་སྐྱེལ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་རྒྱལ་སྤྱིའི་སྟེང་ཡིག་ཐོག་ནས་ཁུངས་སྐྱེལ་ལ་དོ་སྣང་ཡོང་རྒྱུར་ཕན་ཐོགས་ཡོད་སྐོར་སོགས་གསུང་རྗེས་རྗེས་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ།
དཔེ་དེབ་ཀྱི་ནང་དོན་གཙོ་བོ་ནི་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གཅིག་མཇུག་གཉིས་མཐུད་བྱས་པའི་རྒྱལ་གཅེས་པ་འདས་སོན་རྣམས་ཀྱི་ངོ་སྤྲོད་ལོ་རྒྱུས་དང། འདྲ་པར། རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱབ་ལྗོངས་ཀྱི་གནས་སྟངས་སོགས་ཞིབ་ཕྲ་འཁོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནང་གཞུང་དང་གྲོས་ཚོགས་སོགས་ཀྱིས་བོད་མིའི་ཐོག་རྒྱབ་སྐྱོར་གྱི་བསྒྲགས་གཏམ་དང་གྲོས་ཆོད་བཞག་པ། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱིས་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་རྣམས་ཀྱི་ཆེད་རྒྱ་གར་དང་རྒྱལ་སྤྱིའི་ནང་གདུང་སེམས་མཉམ་སྐྱེའི་ལས་འགུལ་ཇི་སྤེལ་སོགས་འཁོད་ཡོད་པ་བཅས།།
དཔེ་དེབ་འདི་གཤམ་གསལ་ཁ་བྱང་ཐོག་ཕབ་བཤུས་བྱེད་ཐུབ།
http://www.savetibet.org/media-center/ict-news-report/iron-hare-2011-flames-resistance