༢༠༡༢ ཟླ་ ༩ ཚེས་ ༡༢ རེས་གཟའ་ལྷག་པ།
༅༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༢ ཉིན་རྡ་ས་བཞུགས་སྒར་ཉེ་འཁྲིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཐེ་བོད་གཉིས་ཀྱི་གནས་སྟངས་མཚུངས་ཆོས་སུ་ཡོད་པའི་ཐོག་ཕན་ཚུན་ལྟ་སྣང་མཐོང་ཕྱོགས་དང་། ཡུལ་གཉིས་སོ་སོར་གདོང་ལེན་བྱེད་དགོས་པའི་གནད་དོན་ཐོག་མཁས་པའི་བགྲོ་གླེང་ཞིག་ཚོགས་ཡོད། དེ་ཡང་བགྲོ་གླེང་གི་བརྗོད་གཞི་ནི། བོད་དང་ཐེ་ཝན། མདུན་ལམ་དང་འགྲན་རྩོད། ཅེས་པ་ཡིན་འདུག གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། ཐེ་ཝན་ཅུང་ཧྭ་གཙུག་ལག་སློབ་གྲྭའི་(Chung Hua University) སློབ་དཔོན་སྐུ་ཞབས་ཚན་ཆེན་ཡོན་(Tseng Chien Yuang) ལགས། ཐེ་ཝན་རྒྱལ་ཡོངས་གཙུག་ལག་སློབ་གྲྭའི་ (National Taiwan University) སྤྱི་ཚོགས་ཚན་རིག་གི་ཉམས་ཞིབ་པ་ཅུ་ཆེན་ཅི་(Chu Cheng Chi) ལགས། ལས་བྱེད་འདེམས་ལྷན་གྱི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས། དྲིལ་བསྒྲགས་དྲུང་ཆེ་བཀྲིས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། འགན་འཛིན་གཞོན་པ་བློ་བཟང་ལགས། ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་སྐུ་ཞབས་བསྟན་འཛིན་ནོར་བུ་ལགས། དྲུང་འཕར་ལྷག་པ་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམ་པ་དང་། ས་རཱ་མཐོ་སློབ་ཏུ་སྲི་ཞུའི་ལས་བྱེད་ཀྱི་ཟབ་སྦྱོང་ནང་མཉམ་ཞུགས་གནང་བཞིན་པའི་འོས་སྦྱོང་བ་རྣམ་པ་བཅས་ཁྱོན་མི་གྲངས་ ༨༠ བརྒལ་བ་ལྷན་འཛོམས་བྱུང་ཡོད། དེ་ཡང་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་གཞོན་བསྟན་འཛིན་པདྨ་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་གནང་རྗེས་ལས་བྱེད་འདེམས་ལྷན་འགན་འཛིན་ལགས་ནས་འོས་སྦྱོང་བ་རྣམས་ངོ་སྤྲོད་ཞུས་རྗེས་ཕྱི་དྲིལ་བཀའ་བློན་མཆོག་གིས་དབུ་འབྱེད་གསུང་བཤད་གནང་དོན།
ཉེ་ལམ་ང་རང་ཐེ་ཝན་ནང་བསྐྱོད་སྐབས་ཁུལ་དེར་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཧ་ཅང་བྱེད་བཞིན་ཡོད་པ་དེ་མཐོང་སྐབས། ང་རང་དངོས་གནས་དགའ་ཚོར་ཆེན་པོ་བྱུང། དེ་ཙམ་མ་ཟད། སྤྱི་ཚོགས་ཀྱི་དྲང་བདེན་དང། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་གནད་དོན་ཐོག་དོ་སྣང་ཧ་ཅང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་ཡན་ལགས་ཚོགས་ཆུང་ཐེ་ཝན་ནང་ཡོད་པའི་ལས་འགུལ་བ་རྣམས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་སྟོན་བཞིན་འདུག
ད་ལྟའི་དུས་སྐབས་འདིར་ང་ཚོ་བོད་མིའི་བྱུང་རབས་ལོ་རྒྱུས་ཁྲོད་དེ་སྔ་བྱུང་མྱོང་མེད་པའི་བོད་མིས་རང་ལུས་མེར་སྲེག་བསྟུད་མར་བཏང་དང་གཏོང་བཞིན་པའི་དུས་ཚོད་ཅིག་འོག་གནས་ཡོད། ད་ཆ་བོད་ནང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་གྲངས་འབོར་ ༥༡ བསླེབས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་ལྔ་བཅུ་ལྷག་རིང་རྒྱ་ནག་དཔོན་རིགས་དང་ལྷན་རྒྱ་བོད་ཀྱི་དཀའ་ངལ་སེལ་ཆེད་གྲོས་མོལ་ཡོང་ཐབས་མཛད་ཡོད། བོད་ནང་དུ་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོག་མ་བྱུང་འཕྲལ་ང་ཚོའི་སྒྲིག་འཛུགས་ནས་ཧ་ཅང་གལ་ཆེན་པོའི་ཐོག་ནས་བོད་མི་ཚོར་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུས་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ་གཞིས་ལུས་བོད་མི་ཚོའི་གནས་སྟངས་ཧ་ཅང་ཛ་དྲག་འོག་གནས་ཡོད་པར་བརྟེན། ང་ཚོས་འབོད་སྐུལ་ཇི་ལྟར་བྱས་ཀྱང་མུ་མཐུད་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་འབྱུང་བཞིན་ཡོད། གནས་ཚུལ་དེ་དག་རྒྱབ་ལྗོངས་ཇི་འདྲ་ཞིག་ཡིན་མིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་གསལ་བཤད་བྱེད་རྒྱུ་ང་ཚོའི་བཟང་སྤྱོད་ཀྱི་འགན་ལྕི་མོ་ཞིག་ཡིན་པ་ང་ཚོས་ངོས་འཛིན་བྱེད་བཞིན་ཡོད། ཅེས་སོགས་གསུངས་རྗེས་བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམ་སྐོར་ངོ་སྤྲོད་གནང། དེ་རྗེས་མཁས་པ་སོ་སོའི་བགྲོ་གླེང་དབུ་འཛུགས་གནང་ཡོད། དེ་ཡང་ཐེངས་འདིའི་མཁས་པའི་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་ནི། ཐེ་བོད་གཉིས་ཀྱི་གནས་སྟངས་འདྲ་པོ་ཡོད་པའི་ཐོག་ཉམས་ཞིབ་ཆེད་བསམ་ཚུལ་བརྗེ་ལེན་བྱ་རྒྱུ། ཐུན་མོང་ཐོག་ཉམས་ཞིབ་ཀྱི་ལས་འགུལ་ཡར་རྒྱས་གཏོང་ཐབས། ཐེ་བོད་འབྲེལ་མཐུད་བཟང་པོ་ཞིག་ཡོང་ཆེད་གོམ་པ་དང་པོ་ལྟ་བུ་དང། འདི་ལོ་ཕྱི་ཟླ་ ༡༢ ཟླ་མཇུག་ཏུ་ཚོགས་འདུ་ཞིག་གོ་སྒྲིག་ཞུ་འཆར་ཡོད་པ་དེའི་སྟ་གོན་ཞིག་ཡོང་རྒྱུ་སོགས་ལ་དམིགས་པ་ཞིག་ཡིན་འདུག་་པ་བཅས།།