༢༠༡༢ ཟླ་ ༩ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༦ ཉིན་རྡ་ས་བོད་ཀྱི་དཔའ་བོའི་དྲན་རྟེན་རྡོ་རིང་མདུན་དུ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་དབུ་མའི་ལམ་གྱི་ཉིན་མོ་སྲུང་གཟབ་རྒྱས་ཞུས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བཀའ་ཤག་སྐུ་ཚབ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས། སྤྱི་འཐུས་ལས་ཐོག་དང་ལས་ཟུར་ཁག་གཅིག ཟུར་སྐྱོང་ཚོགས་པ་ཁག་དང་དགོན་སྡེ་ཁག་གི་སྐུ་ཚབ། མི་མང་སློབ་ཕྲུག་བཅས་ལྷན་འཛོམས་ཀྱི་ཐོག་མར་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་ཞུས་རྗེས་བོད་ཀྱི་ཟློས་གར་ཚོགས་པས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་། དེ་ནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ལས་རོགས་ཆོས་འབྱོར་ལགས་ཀྱིས་ངོ་སྤྲོད་གསུང་བཤད་རྗེས་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་གིས་སློབ་ཕྲུག་ཚོ་ནི་མ་འོངས་པའི་བདག་པོ་ཡིན་སྟབས། ང་ཚོའི་འཐབ་རྩོད་ཀྱི་སྲིད་བྱུས་ཤེས་དགོས་པར་གལ་ཆེན་པོ་ཡིན་པར་བརྟེན། སློབ་ཕྲུག་གང་མང་ནས་མཉམ་ཞུགས་ཀྱི་དོ་སྣང་གནང་བ་ཧ་ཅང་ཡག་པོ་རེད། དབུ་མའི་ལམ་དེ་མི་མང་མངོན་འདོད་དང་གྲོས་ཚོགས་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་རེད། སྒྲིག་འཛུགས་དང་༸གོང་ས་མཆོག་གཅིག་པུར་མིན་པར་མི་མང་གིས་མངོན་འདོད་མཚོན་པའི་ལས་འགུལ་སྤེལ་བར་ཕན་རླབས་ཆེན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང། དེ་ནས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་བའི་ནང་དབུ་མའི་ལམ་དེ་༸གོང་ས་མཆོག་གི་དགོངས་གཞིའི་ཐོག་རྩ་བའི་མི་མང་གི་བསམ་ཚུལ་འོས་བསྡུ་བྱས་ཏེ་བྱུང་བ་ཞིག་ཡིན་སྐོར་དང་།
མང་གཙོའི་ནང་དུ་བསམ་ཚུལ་འདྲ་མིན་ཡོང་ཆོག་ཀྱང་། གཞུང་གི་ལངས་ཕྱོགས་ཤིག་དང་། ང་ཚོ་མང་གཙོ་ཡིན་ཟེར་བའི་ལངས་ཕྱོགས་གཞན་ཞིག་འཁྱེར་རྒྱུ་མིན་པར་འཚེ་མེད་ཞི་བའི་ལྟ་གྲུབ་ལ། གཞི་བཅོལ་བའི་༸གོང་ས་མཆོག་གི་ཐུགས་དགོངས་ལ་ལྷག་པ་ཞིག་མེད། དབུ་མའི་ལམ་ཐོག་ཆིག་སྒྲིལ་བྱེད་དགོས་སྐོར་གསུང་བཤད་གནང། དེ་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། ང་ཚོ་བོད་པའི་དཀའ་རྙོག་དེ་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་སྐད་ཆ་མ་བཤད་པར་དཀའ་ངལ་སེལ་ཐབས་མེད། ༸གོང་ས་མཆོག་གི་དངོས་ཡོད་གནས་སྟངས་མང་པོ་ཞིག་ལ་གཞི་བཅོལ་ཏེ་དབུ་མའི་ལམ་དུ་ཕེབས་རྒྱུའི་དགོངས་གཞི་དང་འབྲེལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་སྲིད་བྱུས་དེ་འཛིན་པར་བརྟེན་ནས་རྒྱལ་སྤྱིའི་ནང་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་མ་ཟད། མགོན་པོ་གང་ཉིད་མཆོག་ལ་འཛམ་གླིང་ཞི་བདེ་སོགས་ཀྱི་གཟེངས་རྟགས་གང་མང་འབུལ་ལམ་ཞུས་ཡོད། ང་ཚོ་བོད་མིར་རྒྱ་མིས་སྡུག་པོ་མང་པོ་བཏང་དང་གཏོང་མུས་ཡིན་པར་བརྟེན། རྒྱ་མིའི་འོག་ཏུ་སྡོད་འདོད་ཡོད་པའི་བོད་པ་སུ་གཅིག་ཀྱང་མེད། དེར་བརྟེན་ད་ལྟའི་ཆར་བོད་ཀྱི་ཛ་དྲག་དཀའ་ངལ་སེལ་ཆེད་ལམ་དབུ་མ་ལས་གཞན་པའི་ཐབས་ལམ་ཞིག་འཚོལ་དགོས་བྱུང་ན། ཕལ་ཆེར་དཀའ་ལས་ཁག་པོ་རེད་བསམས་ཀྱི་ཡོད། སྤྱིར་བཏང་རང་བཙན་རྩོད་མཁན་ཚོར་སོ་སོའི་ཐོབ་ཐང་ཡོད། འོན་ཀྱང་ང་རང་ཚོའི་སེམས་ནང་ཆིག་སྒྲིལ་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད།
དཔེར་ན། འབར་མ་དང་རྒྱ་མི་རིགས་མང་གཙོ་དོན་གཉེར་ཚོའི་ནང་དུམ་བུ་ཆགས་པ་ལྟར། ང་ཚོ་༸གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་རྗེས་ལྷག་པར་ཉེན་ཁ་དེ་དག་མེད་པར་རྒྱལ་སྤྱིའི་ནང་ནས་བོད་པའི་གནད་དོན་ཐོག་ཚད་མཐོའི་རྒྱབ་སྐྱོར་གནང་དང་གནང་མསུ་རེད། དེ་རིང་ནས་རྩིས་པའི་ད་དུང་ལོ་ངོ་སུམ་ཅུ་བཞི་ཅུའི་ནང་ང་ཚོ་བོད་ནང་ལོག་མ་ཐུབ་པ་ཡིན་ན། བོད་ནང་མེ་འཁོར་ལྕགས་ལམ་བཟོ་སྐྲུན་འོག་རྒྱ་མི་འབོར་ཆེན་བོད་ནང་གནས་སྤོས་བྱས་ཏེ། བོད་ནང་ས་གནས་སུ་བོད་མི་ལས་རྒྱ་མི་མང་བའི་གནས་སྟང་ཆགས་ཀྱི་ཡོད། བོད་ནང་གི་བོད་མི་ལྔ་བཅུ་ལྔ་གཅིག་གིས་རང་ལུས་མེར་སྲེག་བཏང་ཡོད། དབུ་མའི་ལམ་ཐོག་ནས་བོད་ཀྱི་དཀའ་རྙོག་གང་མགྱོགས་སེལ་བ་ཡིན་ན་བོད་ཙམ་དུ་མ་ཟད། ལྷོ་ཤར་ཨེ་ཤི་ཡ་ཡོངས་རྫོགས་བརྟན་ལྷིངས་ཡོང་རྒྱུའི་རྒྱུ་རྐྱེན་དང་། ལོ་རྒྱུས་ཐོག་འཛམ་གླིང་གི་མི་འབོར་ཆེ་ཤོས་ཀྱི་ལུང་པ་གཉིས་དབར་ང་ཚོར་རང་སྐྱོང་ཚད་ལྡན་ཞིག་བྱུང་ན། སོ་སོའི་རིག་གཞུང་སྲུང་སྐྱོབ་ཀྱིས་རྒྱ་ནག་དཀར་ནག་དབར་འབྲེལ་ཟམ་པ་ལྟ་བུ་ཞིག་ཡོང་གི་རེད།
ཅེས་གསུང་བཤད་གནང་ཡོད། དེ་ནས་ཚོགས་གཙོ་མཆོག་གིས་ཞི་བའི་གོམ་འགྲོས་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་ཞི་བའི་འཐབ་རྩོད་གཟེངས་རྟགས་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པས་དབུ་མའི་ལམ་གྱི་མཉམ་གཞས་དང་། བཀྲས་མཐོང་ཆོས་སྐྱིད་ལགས་ཀྱིས་མ་ཎི་གདུང་དབྱངས། གཞས་པ་གདུག་བྷེ་ལགས་ཀྱིས་བོད་ཀྱི་བདེན་དོན་ཞེས་པའི་མྱ་ངན་གླུ་གཞས། ཨ་རིག་འགྱུར་མེད་ལགས་ཀྱིས་གདུང་ཚོར་དྲག་པོས་ཁྱེད་ལ་མྱ་ངན་ཞུ་ཞེས་པའི་སྙན་ངག་གྱེར་འདོན་བཅས་གནང་རྗེས་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་དམ་ཆོས་དཔལ་བཟང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་གྲོལ་བ་བཅས།།