༢༠༡༢ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཇམ་ Belgium རྒྱལ་ས་བྷར་སིལ་དང་ཨོ་སི་ཊོ་ལི་ཡའི་ Australiaནང་འབྱོར་སྐབས་ས་གནས་བོད་རིགས་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་མ་ཟད། ལྷག པར་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་བཞིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་Melbourne ནང་འབྱོར་སྐབས་ས་གནས་བོད་རིགས་ཙམ་མ་ཟད། ཁུལ་དེར་ཡོད་པའི་རྒྱ་རིགས་དང་ཝི་ཏི་ནམ་Vietnamese མི་རིགས། སོག་རིགས་བཅས་ནས་ཀྱང་ལས་འགུལ་དེར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད།
དེ་ཡང་ཕྱི་ཟླ་ ༩ ཚེས་ ༡༥ ཉིན་བདེན་པའི་མེ་ལྕེ་དེ་བཞིན་གྲོང་ཁྱེར་མེལ་བྷོན་གྱི་སྤྱི་མཐུན་ཚོགས་པའི་ཐང་ཆེན་ Federation Square ཞེས་པ་དེར་འབྱོར་སྐབས་ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱས་པའི་རྒྱ་རིགས་མང་གཙོ་མཐུན་སྒྲིལ་ཚོགས་པའི་སྐུ་ཚབ་འཐུས་མི་རྣམ་པ་དང་ཨོ་སི་ཊོ་ལི་ཡེའི་གྲོང་ཁྱེར་ཝིཀ་ཊོ་རི་ཡེའི་ནང་རྟེན་གཞི་བྱས་པའི་ཝི་ཏི་ནམ་དང་སོག་རིགས་ཚོགས་པའི་སྐུ་ཚབ་འཐུས་མི་བཅས་ཕེབས་ཏེ་མཛད་སྒོར་མཉམ་ཞུགས་གནང་བ་མ་ཟད། སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་གིས་བོད་མི་ཚོར་དམ་བསྒྲགས་ཧ་ཅང་ཆེ་བའི་སྲིད་བྱུས་འཛིན་བཞིན་པ་དེར་བོད་མི་རྣམས་མཐར་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང། བོད་ལ་རང་དབང་དགོས་པའི་འབོད་ཚིག་བསྒྲགས་ཏེ་ད་བར་བོད་མི་ ༥༡ རང་ལུས་མེར་སྲེག་བཏང་ཡོད་སྐོར་དང།
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་འོག་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་སྐད་ཡིག་རང་དབང། ཆོས་དད་རང་དབང་། བོད་མིའི་ཐུན་མིན་ངོ་བོ་དང་རིག་གཞུང་གཅེས་འཛིན་བྱ་རྒྱུའི་ཐོབ་ཐང་སོགས་ལ་རྩིས་མེད་རྡོག་རོལ་བཏང་བ་མ་ཟད། བོད་མི་ཚོར་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་འཇུག་པ་སོགས་ལས་བྱུང་བ་ཞིག་ཡིན་པ་སོགས་ཞིབ་ཕྲ་ངོ་སྤྲོད་གནང་ཡོད།
བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་རྒྱ་རིགས་ཧ་ཅང་ཕོན་ཆེ་གནས་སྡོད་བྱེད་སའི་ཨོ་སི་ཊོ་ལི་ཡེའི་གྲོང་ཁྱེར་མེལ་བྷོན་གྱི་བྷོ་སི་ཧིལ་ Box Hill ཞེས་པ་དེར་སྐོར་བསྐྱོད་གནང་རྒྱུ་ཡིན་པ་དང། སྐབས་དེར་བོད་རིགས་དང་རྒྱ་རིགས་ཚོགས་པ་ཐུན་མོང་ཐོག་བོད་དང་རྒྱ་ནག་ནང་དུ་རང་དབང་དང་མང་གཙོ་དགོས་པའི་དགོས་འདུན་འདོན་རྒྱུ་ཡིན་འདུག དེ་ཡང་གྲོང་ཁྱེར་མེལ་བྷོན་ནང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཉིན་བཞིའི་རིང་བོད་དོན་དྲིལ་བསྒྲགས་ཀྱི་ཚོགས་ཆུང་བཙུགས་ཏེ།
བོད་དོན་རྒྱབ་སྐྱོར་གྱི་ས་རྟགས་བསྡུ་རུབ་གནང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་རྒྱུ་ཡིན་འདུག བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་ཏ་སི་མ་ནི་ཡའི་Tasmania མངའ་སྡེའི་ཧོ་བྷ་ཊི་ Hobart ཞེས་པར་འབྱོར་ཡོད། ཕྱོགས་མཚུངས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཁག་གཅིག་དེང་སྐབས་ཡུ་རོབ་རྒྱལ་ཁབ་སྦེལ་ཇམ་Belgium གྱི་གྲོང་ཁྱེར་ཨན་ཊི་ཝར་པན་ Antwerpen ཞེས་པའི་མངའ་སྡེའི་ནང་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་འབྱོར་ཡོད། སྤྱིར་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་བཞིན་སྦེལ་ཇམ་གྱི་རྒྱལ་ས་བྷར་སིལ་དུ་ཕྱི་ཚེས་ ༡༧ ཉིན་འབྱོར་རྗེས་རིམ་བཞིན་ཨན་ཊི་ཝར་པན་མངའ་སྡེའི་གྲོང་ཁྱེར་བྷོ་རི་ཝར་པ་ལ་སི་ Bolivaarplaats དང་གོ་རིན་པ་ལ་སི་ Groenplaats སོགས་ཀྱི་ནང་འབྱོར་སྐབས། ས་གནས་བོད་རིགས་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་རྒྱབ་སྐྱོར་ཧ་ཅང་གནང་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཡུ་རོབ་ཁུལ་དུ་ཟླ་བ་གཉིས་ཙམ་རིང་སྤེལ་འཆར་ཡོད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཐོག་ས་གནས་བོད་རིགས་སྤྱི་དང་ལྷག་པར་བོད་དོན་ཐོག་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་མ་ཟད། ཁོང་གིས་སྦེལ་ཇམ་ཡུལ་མི་ཚོས་ལས་འགུལ་དེར་རྒྱབ་སྐྱོར་གང་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུས་ཡོད། ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་སྦེལ་ཇམ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ཨིན་ཇི་ཧར་མན་སི་ Ms Inge Hermans ལགས། དེ་བཞིན་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱལ་ལགས་སོགས་ནས་ཀྱང་གཏམ་བཤད་གནང་ཡོད་པ་བཅས།།