༢༠༡༢ ཟླ་ ༩ ཚེས་ ༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢ རེས་གཟའ་ཉི་མའི་ཉིན་བོད་མིའི་འདི་ཕྱི་གཉིས་ཀྱི་༸སྐྱབས་གནས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོར་ཡང་དག་པའི་མང་གཙོའི་ལམ་བཟང་གསོལ་སྩལ་མཛད་དེ་མོ་ལོ་ཧྲིལ་པོ་ ༥༢ འཁོར་བའི་མཛད་སྒོའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་དང་སྟབས་བསྟུན། བོད་མིའི་ཆབ་སྲིད་དབུ་ཁྲིད་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་རྒྱ་རིགས་རྩོམ་པ་པོས་བོད་དོན་རྒྱབ་སྐྱོར་གྱི་རྩོམ་ཡིག་སྟོང་ཕྲག་ཁ་ཤས་ཡོད་པ་ལས་ཕྱི་དྲིལ་ལས་ཁུངས་ཀྱིས་ཟུར་འདོན་གྱིས་་དེབ་གཟུགས་སུ་པར་སྐྲུན་ཞུས་པ་དེ་དབུ་འབྱེད་གནང་ཡོད། དེ་ཡང་དཔེ་དེབ་དེ་ངོ་སྤྲོད་མདོར་ཙམ་ཞུ་ན།
ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་གཞི་རྒྱ་ཆེ་བའི་ཞི་རྒོལ་ལས་འགུལ་སྤེལ་བ་ནས་བཟུང་། རྒྱ་གཞུང་གིས་བོད་མིར་བཙན་གནོན་འཛིན་བཟུང་དང་། སྡུག་སྦྱོང་མནར་གཅོད་ཚད་མེད་བྱས་ཏེ་བོད་མི་ཕལ་མོ་ཆེའི་ལུས་སེམས་ལ་སྡུག་བསྔལ་བཟོད་དཀའ་བ་སྦྱར། རྒྱ་གཞུང་གིས་བོད་ཀྱི་དངོས་ཡོད་གནས་སྟངས་ལས་ལྡོག་པའི་དྲིལ་བསྒྲགས་བྱས་ཏེ། བོད་མི་རྣམས་ཅི་འདྲའི་བདེ་སྐྱིད་དང་དགའ་སྤྲོས་ཁེངས་ཡོད་པའི་འཁྱོགས་བཤད་འདྲ་མིན་སྤེལ་ནས་རྒྱ་རིགས་མི་དམངས་མགོ་སྐོར་གཏོང་བཞིན་ཡོད། འོན་ཀྱང་དྲང་བདེན་ལ་དགའ་ཞིང་འགན་ཁུར་གྱི་བློ་སྤོབས་ལྡན་པའི་རྒྱ་རིགས་ཤེས་ཡོན་ཅན་ཉུང་མིན་ཞིག་ནས། བོད་ཀྱི་དངོས་ཡོད་གནས་ཚུལ་ཁོ་ནར་གཞིགས་ཏེ། བོད་དོན་རྒྱབ་སྐྱོར་གྱི་རྩོམ་ཡིག་བརྒྱ་ཕྲག་མང་པོ་སྤེལ་ཞིང་། ལྷག་པར་དུ་འདས་ལོའི་ནང་བཙན་བྱོལ་བོད་མིས་བཀའ་བློན་ཁྲི་པ་གསར་འདེམས་བྱས་པ་དང་། ༸གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་མཛད་པ། བོད་ནང་རང་ལུས་མེར་སྲེག་གི་ངོ་རྒོལ་ལས་འགུལ་རྒྱུན་ཆད་མེད་པ་བྱུང་བ་བཅས། བོད་ཀྱི་ཆབ་སྲིད་གནས་བབ་ལ་འཕོ་འགྱུར་ཆེན་པོ་བྱུང་བ་འདིའི་ཐོག་ཏུའང་། རྣམ་དཔྱོད་ལྡན་པའི་རྒྱ་རིགས་རྩོམ་པ་པོ་དང་མཁས་པ། གསར་འགོད་པ་སོགས་ནས་རིན་ཐང་ལྡན་པའི་རྩོམ་ཡིག་མང་པོ་སྤེལ་ཡོད།
ད་ཐེངས་འདི་ག་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་རྒྱ་ཡིག་གི་ དྲ་གནས་དང་། དུས་དེབ་གསར་ཤོག་སོགས་བརྒྱུད་ལམ་འདྲ་མིན་དུ་ཐོན་པའི་རྒྱ་ཡིག་གི་རྩོམ་ཡིག་ སྟོང་ཕྲག་ཁ་ཤས་ལས་ཚབ་མཚོན་རང་བཞིན་ལྡན་པའི་རྩོམ་ཡིག་ཁག་ཅིག་བསྡུ་སྒྲིག་བྱས་ ཏེ་པར་སྐྲུན་འགྲེམས་སྤེལ་ཞུས་པ་ཡིན། འདིའི་དགོས་དམིགས་གཙོ་བོ་ནི་བོད་དོན་དུ་དོ་སྣང་དང་ཉམས་ཞིབ། སེམས་འཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱ་ཡིག་ཀློག་པ་པོ་རྣམ་པས་སླར་ཡང་རྩོམ་ ཡིག་འཚོལ་སྒྲུབ་ཀྱི་ངལ་བ་བསྟེན་མི་དགོས་པར། དུས་གཅིག་ཏུ་རིན་ཐང་ལྡན་པའི་དཔྱད་གཞིའི་རྩོམ་ཡིག་འདི་དག་ལྟ་ཀློག་ཐུབ་པ་དང་། སྤྱིའི་གནས་ཚུལ་རྟོགས་སླ་བ། རྒྱ་རིགས་ཀློག་པ་པོ་གང་མང་མང་གིས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་ཤེས་རྟོགས་དང་རྒྱུས་ལོན་ངེས་འདྲོངས་ཡོང་བའི་ཆེད་དུ་ཡིན།
ཤོག་ངོས ༢༧༩ ལས་གྲུབ་པའི་དཔེ་དེབ་འདིར་ལེ་ཚན་དྲུག་ཏུ་ཁག་བགོས་བྱས་ཡོད་པ་སྟེ།
༡ ༽ ཏཱ་ལའི་བླ་མའི་སྲིང་དབང་རྩིས་སྤྲོད་གནང་རྗེས་ཞེས་དང་།
༢ ༽ མེ་ལྕེ་འབར་བཞིན་པའི་གངས་ལྗོངས།
༣ ༽ རང་སྐྱོང་དང་རང་བཙན་གྱི་བར་མཚམས་སུ།
༤ ༽ བོད་རྙིང་པའི་དངོས་ཡོད་གནས་སྟངས།
༥ ༽ བོད་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མ་རེད།
༦ ༽ ཅིའི་ཕྱིར་ཏཱ་ལའི་བླ་མ་རང་ཁྱིམ་དུ་ཕེབས་མ་ཐུབ་པ་རེད་བཅས་ཁྱོན་རྩོམ་ཡིག ༥༤ བཀོད་ཡོད།
གཞན་ཡང་། དེབ་འདི་སྤྱིར་རྒྱ་མི་རིགས་དང་། ལྷག་པར་དུ་རྒྱ་ནག་སྐམ་སའི་རྒྱ་མི་གང་མང་མང་ཞིག་གི་ལག་པར་ཅི་འབྱོར་བྱས་ཏེ། བོད་ཀྱི་དངོས་ཡོད་གནས་སྟངས་ལ་ཤེས་རྟོགས་གསལ་བོ་ཡོང་བའི་རེ་བ་དང་ཡིད་ཆེས་ བྱེད་ཀྱིན་ཡོད་པ་བཅས། །