༢༠༡༢ ཟླ་ ༩ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༢ ཉིན་བཏང་གནང་གནས་ནང་འཁོད་དོན། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་མཧཱ་བོདྷི་ཚོགས་པས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་ནང་པའི་དུས་དྲན་ལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཕེབས་ཆེད་གནང་ཡོད།
དེ་ཡང་བཀའ་བློན་མཆོག་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༢ པའི་ཐོག་བཞུགས་སྒར་ནས་འཇའ་མུ་དང༌། དེ་ནས་མཁའ་ལམ་བརྒྱུད་ལ་དྭགས་སླེ་རུ་ཆུ་ཚོད་ ༡༠ ཕེབས་འབྱོར་སྐབས། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཧཱ་བྷོ་དྷིའི་གཙོ་འཛིན་འདུལ་འཛིན་སངྒཱ་སེ་ཎ་མཆོག་དང༌། ལ་དྭགས་ལྷོ་བྱང་གི་ལས་དྲུང༌། ས་གནས་འཐུས་ཚོགས། བོད་ཁྱིམ་སློབ་སྤྱི་བཅས་ཀྱིས་ཕེབས་བསུ་ཞུས་ཏེ་མགྲོན་ཁང་དུ་ཕེབས་ཡོད།
ཕྱི་ཚེས་ ༤ ཉིན་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་འབི་ཧར་མངའ་སྡེའི་སྤྱི་ཁྱབ་མཆོག་དང་ལྕམ་སྐུ་གཉིས་ཕེབས་པ་དང་འབྲེལ་མཛད་སྒོ་དབུ་ཚུགས་ཤིང༌། སྐུ་མགྲོན་གཙོ་བོ་དང༌། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་བཅས་མི་སྣ་བཅོ་ལྔས་མཛད་སྒོའི་ཐོག་གསུང་བཤད་གནང་རྗེས་རིག་གཞུང་འཁྲབ་སྟོན་གནང་སྟེ་མཛད་སྒོ་གྲོལ།
དེ་ནས་པར་རིགས་འགྲེམས་སྟོན་ཁག་ལ་གཟིགས་སྐོར་དུ་ཕེབས་པ་དང་ལ་དྭགས་ཀྱི་ཐུན་མོང་མ་ཡིན་པའི་ཟས་རིགས་ཀྱི་གསོལ་སྟོན་ལ་རོལ་ནས་མགྲོན་ཁང་དུ་ཕེབས་ཡོད། དགོང་དྲོ་ཆུ་ཚོད་ ༦ པ་ནས་ ༡༠ བར་རིག་གཞུང་འཁྲབ་སྟོན་ལ་གདན་ཞུས་ལྟར་ཕེབས།
ཕྱི་ཚེས་ ༥ ཉིན་གྱི་ཆུ་ཚོད་ ༡༠ པའི་ཐོག་ལ་དྭགས་བོད་ཁྱིམ་སློབ་གྲྭར་དགེ་རྒན་དུས་ཆེན་ཉིན་གདན་ཞུ་བཞིན་ཆོས་རིག་བཀའ་བློན་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་གྲུབ་གསུམ་དང༌། ཤེས་ཡོན་སློབ་སྦྱོང༌། ཡ་རབས་བཟང་སྤྱོད། ཡུལ་མི་དང་མཐུན་ལམ། ༸གོང་ས་མཆོག་གིས་ཉེ་རབས་སྩལ་བའི་བཀའ་སློབ་ཁག་ལ་གསལ་བཤད་སོགས་ཀྱི་གསུང་བཤད་གནང༌རྗེས་སྨན་ཁང་དང༌། གློག་ཀླད་འཛིན་གྲྭ། ཁྱིམ་ཚང་བཅས་ལ་གཟིགས་སྐོར་གནང༌། ཆུ་ཚོད་ ༡༡།༣༠ ཐོག་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དབུ་འབྱེད་མཛད་སྒོར་ཕེབས་ཏེ་ཆུ་ཚོད་ ༢།༣༠ བར་དུ་བཞུགས།
ཕྱི་ཚེས་ ༦ ཉིན་མཧཱ་བོདྷིའི་ཚོགས་པ་ནས་ཕེབས་འཁོར་གོ་སྒྲིག་གིས་འབྲུག་པ་བཀའ་བརྒྱུད་ཀྱི་ཧི་མིན་དགོན་དང༌། ཁྲིག་སེ་དགོན་པ་གཉིས་སུ་འཚམས་གཟིགས་དང་ཁྲི་སེ་དགོན་དུ་བསྙེན་བཀུར་ཡང་ཞུས། དེ་ནས་ཞི་བའི་ཚལ་གྱི་ཕོ་བྲང་དུ་གཟིགས་སྐོར་ཕེབས་རྗེས་ཆུ་ཚོད་ ༣།༣༠ ཐོག་མཧཱ་བོདྷིའི་ཚོགས་པའི་ལས་བྱེད་བོད་རིགས་དགེ་ལས་བཅུ་གཅིག་དང་མཇལ་འཕྲད་གནང་ནས་བཟང་སྤྱོད་དང་འབྲེལ་བའི་སློབ་གསོ་གནང༌། ཆུ་ཚོད་ ༤ པར་ས་གནས་འགོ་འཛིན་ལས་ཁུངས་ནས་གདན་ཞུས་ལྟར་བཀའ་བརྒྱུད་དགོན་པ་ཀརྨ་སྒྲུབ་རྒྱུད་ཆོས་འཁོར་གླིང་དང༌། གསས་ཁང་གཡུང་དྲུང་ལྷ་རྩེ། ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་བཅས་སུ་གཟིགས་སྐོར་གྱིས་བསྙེན་བཀུར་ཞུས། དེ་རྗེས་ལ་དྭགས་ལྷོ་སྤྱིའི་ལས་ཁུངས་དང༌། ལྷོ་སྤྱིའི་ཚོགས་ཁང༌། ཁྲིམས་ཞིབ་ཁང་གསར་པ། མཉམ་འབྲེལ། རང་དབང་བདེན་པའི་ཚོགས་ཆུང༌། འཕྲོད་བསྟེན་གྱི་ཡན་ལག་སྨན་ཁང༌། ས་གནས་གྲོས་ཚོགས་བཅས་སུ་གཟིགས་སྐོར་གནང༌།
བོད་ཁྱིམ་ཚོགས་ཁང་ནང་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་ལྷན་ཚོགས་ཀྱིས་ས་གནས་མི་མང་རྣམས་ལ་གསུང་བཤད་གནང༌། དེ་ཡང་ཡུལ་མི་དང་མཐུན་ལམ། ༸གོང་ས་མཆོག་གིས་ཨི་ཊ་ལི་དང༌། ལ་དྭགས་སུ་སྩལ་བའི་བཀའ་སློབ་སྐོར་གསལ་བཤད། གཞན་ཡང་ཆིག་སྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་སྐོར་དང༌། བཀའ་ཤག་སྐབས་ ༡༤ པའི་ལས་ཡུན་ཟླ་བ་ ༨ ལྷག་ཙམ་ལས་སོང་མེད་ཀྱང་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་ཨ་རི་དང༌། ཡུ་རོབ། ཉི་ཧོང་སོགས་ལ་ཕེབས་ཏེ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གསལ་བཤད་ནན་ཏན་ཞུས་འབྲས་གྲོས་ཚོགས་ཁག་ནང་བོད་དོན་ཐོག་རྒྱབ་སྐྱོར་གྱི་གྲོས་ཆོད་ཁག་ཐོན་པའི་སྐོར། རྒྱ་གར་དབུས་གཞུང་གིས་འཛིན་སྐྱོང་གནང་བཞིན་པའི་དབུས་བོད་མིའི་སློབ་གྲྭ་(CTSA) ཁག་རང་ཕྱོགས་ནས་རྩིས་བཞེས་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པ་དེ་ནི་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་ཤེས་ཚད་ཡར་རྒྱས་འབྱུང་གཞིར་དམིགས་པ་ཞིག་ཡིན་སྐོར། ལྷག་པར་བཀའ་ཤག་སྐབས་ ༡༤ པའི་སྲིད་བྱུས་ནང་ཤེས་ཡོན་ནི་ཧ་ཅང་གལ་ཆེར་འཛིན་གྱི་ཡོད་པའི་གསལ་བཤད་གནང༌།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་གསུམ་གསལ་གཟིགས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་ངོ་བོ་ཡང་དག་པའི་མང་གཙོ་ཅན་དུ་བསྒྱུར་རྒྱུའི་དགོངས་བཞེད་ཟབ་མོ་ཡོད་པ་བཞིན་རྒྱུན་བསྲིངས་ཐབས་ཤེས་གནང་འབྲས་ཕྱི་ལོ་ ༢༠༠༡ ལོར་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་འོས་འདེམས་བྱུང་བ་དང༌། ཁོང་གིས་ལས་ཡུན་བསྟུད་མར་ ༢ བསྐྱངས་རྗེས་ད་ལྟའི་བཀའ་བློན་ཁྲི་པ་དང་བླངས་ཀྱིས་བཀའ་བློན་ཁྲི་པའི་འོས་དམིགས་ནང་བཞུགས་ཏེ་བཀའ་བློན་ཁྲི་པའི་འོས་མི་གཞན་རྣམས་དང་ཡང་དག་པའི་འགྲན་བསྡུར་ཐོག་ནས་བཀའ་བློན་ཁྲི་པར་མང་མོས་ཆེན་པོའི་ཐོག་ནས་འོས་འདེམས་བྱུང་བ་ནི་མང་གཙོའི་ལམ་ལུགས་ཚད་ལྡན་དུ་སླེབས་ཡོད་པ་གདོན་མི་ཟ། རྒྱུ་མཚན་དེ་དག་ལ་བརྟེན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང༌། འཛིན་སྐྱོང་གི་འགན་དབང་ཆ་ཚང་འདེམས་ཐོན་སྲིད་སྐྱོང་ལ་རྩིས་སྤྲོད་གནང་བ་བཞིན་ད་ལྟའི་བཀའ་བློན་ཁྲི་པས་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་༸ཞབས་སོར་འཁོད་ཐུབ་པ་བཅས་ཀྱི་ཐད་འབད་བརྩོན་ཉིན་མཚན་དབྱེར་མེད་གནང་བཞིན་ཡོད་སྐོར།
དེ་དང་ཆབས་ཅིག་རྒྱ་ནག་གཞུང་གིས་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱྭར་བདོ་བ་དང༌། བོད་མིའི་སྒྲིག་འཛུགས་གཏོར་བཤིགས་ཐུབ་ཐབས། བཙན་བྱོལ་སྤྱི་ཚོགས་ནང་ཁུལ་དང༌། གནས་ཡུལ་རྒྱལ་ཁབ་ཀྱི་མི་མང་དང་དཀྲུག་རྐྱེན་བཟོ་ཐབས་ཀྱི་སྲིད་བྱུས་རྒྱུན་སྐྱོང་བྱེད་བཞིན་པར་ཡིད་གཟབ་ཀྱིས་གདོང་ལེན་དགོས་རྒྱུའི་རེ་སྐུལ་གནང༌། ད་ལྟའི་བཀའ་ཤག་གིས་མི་མང་དང་གཞུང་དབར་འབྲེལ་བ་དམ་ཟབ་ཡོང་ཕྱིར་བཀའ་བློན་རྣམ་པས་བོད་མི་འདུས་སྡོད་ཁག་ལ་གཟིགས་བསྐོར་གྱིས་མང་ཚོགས་ཀྱི་གནས་སྟངས་གསལ་རྟོགས་ཐུབ་ཐབས་དང༌། ལྷག་པར་ཨ་རི་དང་ཡུ་རོབ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕྱོགས་བསྐྱོད་ཀྱིས་བོད་མི་རྣམས་ཀྱི་གནས་སྟངས་གཟིགས་ཞིབ་དང་འབྲེལ། ཕྱི་རྒྱལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་གནད་ཡོད་མི་སྣ་ཁག་དང་འབྲེལ་གཏུག་བྱ་རྒྱུ་གལ་ཆེར་བརྩི་གི་ཡོད་པ་ལྟར་ད་ལྟ་ལས་དོན་འདི་ཐོག་འཇུག་བཞིན་ཡོད་སྐོར།
རྒྱ་ནག་གཞུང་གིས་བོད་མི་མི་རབས་རྙིང་པ་རྣམས་རིམ་པར་རྫོགས་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཞལ་མ་བཞུགས་པའི་གནས་སྟངས་འོག་བོད་དང་བོད་མིའི་འཐབ་རྩོད་རིམ་པས་འཇའ་ཡལ་དུ་འགྲོ་རྒྱུའི་རེ་ངན་འཆང་བཞིན་པ་དེ་དག་ད་ཆ་དེ་ལས་ལྡོག་སྟེ་བོད་ཀྱི་མི་རབས་གསར་པས་ཆབ་སྲིད་དང༌། འཛིན་སྐྱོང་གི་འགན་དབང་ཆ་ཚང་རྩིས་ལེན་གྱིས་ལས་དོན་ཚགས་ཚུད་ཡར་རྒྱས་འགྲོ་བཞིན་ཡོད་སྐོར། བོད་ཕྱི་ནང་དུ་ཡོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་རྒྱལ་བསྟན་ཆབ་སྲིད་དང༌། མི་རིགས། སྐད་ཡིག ཡུལ་སྲོལ་གོམས་གཤིས་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་དང༌། ཉམས་པ་སླར་གསོ་ཆེད་རྒྱ་ནག་གཞུང་གིས་གདུག་རྩུབ་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་མཚོན་ཕྱིར་བོད་མི་ན་གཞོན་ ༥༡ རང་མེར་སྲེག་བྱས་པ། གཞོན་སྐྱེས་གཞན་ཚོས་རོལ་དབྱངས་ཀྱི་བརྒྱུད་ལམ་ནས་བོད་དོན་སྐོར་གསལ་བཤད་བྱེད་པ་སོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད་སྐོར། དེ་བཞིན་ཡུལ་མི་དང་མཐུན་ལམ་གནང་དགོས་པ་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང༌། དེ་རྗེས་ལ་དྭགས་ལྷོ་བྱང་གཉིས་ཀྱི་ས་གནས་འཐུས་མིའི་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་གྲོལ།
ཆུ་ཚོད་ ༦།༣༠ ཐོག་སྟོད་རུ་ཐོག་ལྷུན་གྲུབ་ཆོས་སྡྡིངས་དགོན་དུ་གཟིགས་སྐོར་ལ་ཕེབས་ནས་བསྙེན་བཀུར་ཞུས།ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ པར་མཧཱ་བོ་དྷིའི་ཚོགས་པས་གནམ་ཐང་བར་ཕེབས་སྐྱེལ་གནང་ཞིང༌། གནམ་ཐང་དུ་ས་གནས་འགོ་འཛིན་དང༌། ས་གནས་འཐུས་ཚོགས་བཅས་ནས་མཇལ་དར་སྒྲོན་འབུལ་ཞུས་ཡོད། དེ་ནས་འཇའ་མུར་ཆུ་ཚོད་ ༩ པར་ཕེབས་འབྱོར་དང་ཆུ་ཚོད་ ༣ པའི་ཐོག་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པ་བཅས་ཀྱི་ལས་བསྡོམས་སྙིང་བསྡུས་སོ། །