༢༠༡༢ ཟླ་ ༩ ཚེས་ ༡༠ རེས་གཟའ་ཟླ་བ།
༅༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༩ ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཕེབས་འགྲོ་ཐོག་ག་གྷལ་གནམ་ཐང་དང་དེ་ནས་མཁའ་ལམ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད། ཕྱི་ཚེས་ ༡༠ ཉིན་༸གོང་ས་མཆོག་གིས་ལྡི་ལིར་བོད་སློབ་འཛིན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་དབུ་འབྱེད་དང་། ཕྱི་ཚེས་ ༡༡ ཉིན་མགོན་པོ་གང་ཉིད་མཆོག་ཆོས་ལུགས་རིས་མེད་ཀྱི་མཛད་སྒོའི་ཐོག་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ (World Meet for Peace and Harmony) ཞེས་པའི་ཚོགས་མགོན་དུ་ལྷན་ཞུགས་མཛད་རྒྱུ་དང་། ཕྱི་ཚེས་ ༡༢ ཉིན་ (Jamia Millia Islamia University) ཁ་ཆེའི་གཙུག་ལག་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་འཚེ་མེད་ཞི་བའི་གལ་འགངས་དང་བཟང་སྤྱོད་ཀྱི་རིན་ཐང་། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་མ་ཟད།
ཕྱི་ཚེས་ ༡༣ ཉིན་༸གོང་ས་མཆོག་རྒྱལ་སྤྱིའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་འདུར་ལྷན་ཞུགས་མཛད་རྒྱུ་དང། ཕྱི་ཚེས་ ༡༤ ཉིན་མགོན་པོ་གང་ཉིད་མཆོག་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ཁུལ་གྱི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཀྱི་ནོར་གླིང་སྐྱེད་མོའི་ཚལ་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་སྩལ་རྒྱུ་དང་། ཕྱི་ཚེས་ ༡༥ ཉིན་སྔ༌དྲོ་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བཀྲ་ཤིས་འཁྱིལ་དགོན་པར་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྒྱུ་མ་ཟད། ཕྱི་ཚེས་ ༡༧ ཉིན་མ་སུར་རི་བོད་ཁྱིམ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་ཆིབས་སྒྱུར་བསྐྱང་སྟེ། ཕྱི་ཚེས་ ༡༨ ཉིན་སྔ་དྲོ་ཆོས་འབྲེལ་མཛད་རྒྱུ་ཡིན་འདུག་པ་བཅས།།