༢༠༡༢ ཟླ་ ༩ ཚེས་ ༢༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༢ རེས་གཟའ་སྤེན་པའི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་རྡ་ས་ས་གནས་ཉེན་རྟོག་པའི་ཐང་ཆེན་ (Police Ground) དུ་ར་མ་ནའི་རྟོགས་བརྗོད་ཚོགས་ཆུང་གིས་གོ་སྒྲིག་འོག རྒྱ་གར་ཧིན་དུའི་སྟོན་པ་དགའ་བྱེད་ར་མ་ནེའི་རྟོགས་བརྗོད་ (Ram Katha) ངོ་སྤྲོད་ཞུ་རྒྱུའི་མཛད་སྒོ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་ཡོད། རྟོགས་བརྗོད་སྨྲ་བ་སྙན་གྲགས་ཅན་མོ་རཱ་རི་བྷ་པུ་ (Morari Bapu) མཆོག་གིས་ཉིན་དགུའི་རིང་ར་མ་ནའི་རྟོགས་བརྗོད་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་འདུག དེ་ཡང་མཛད་སྒོའི་སྐབས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱི་ཆོས་གྲོགས་བླ་ཆེན་མཆོག་སྔོན་མ་གུ་ཇི་རཱ་ཏིར་ཐེངས་གཅིག་མཇལ་བྱུང། དེ་རིང་སླར་ཡང་འདིར་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། སྔོན་མ་ཐེངས་དང་པོ་ཁྱེད་རང་གི་ས་ཆར་མཇལ་བ་རེད། དེ་རིང་ཐེངས་གཉིས་པའི་སྐབས་ངོས་ཀྱི་ས་ཆར་མཇལ་བ་རེད། ཅེས་ཞུ་ཆོག་གི་རེད། ངོས་རང་སྐྱེས་ཡུལ་བོད་ཡིན་ནའང་མི་ཚེ་མང་ཤོས་རྡ་སར་བསྐྱལ་བ་རེད།
ངོས་རང་རྡ་སར་མི་ལོ་ ༥༢ རིང་གནས་སྡོད་བྱས་རྐྱེན་ས་ངོས་ཀྱི་ས་ཆ་ལྟ་བུར་ངོས་འཛིན་བཞིན་བྱེད་བཞིན་ཡོད། དེར་བརྟེན་རྡ་སར་གནས་སྡོད་བྱེད་མཁན་ས་གནས་ཡུལ་མི་ཚོའི་ཚབ་བྱས་ནས་ཁྱེད་རང་ལ་འཚམས་འདྲི་ཞུ་རྒྱུ་ཡིན། བླ་ཆེན་ཁོང་ནི་རྒྱ་གར་ལ་ལོ་ངོ་སྟོང་གི་རིང་ནས་ཡོད་པའི་ཆོས་ཕྱོགས་ཀྱི་གཟི་འོད་འཛིན་ནས་སྡོད་མཁན་ཞིག་ཆགས་ཡོད། རྒྱ་གར་འཕགས་པའི་ཡུལ་འདི་འཛམ་གླིང་གི་ཆོས་ལུགས་རྙིང་ཤོས་ཐོག་མར་འགོ་འཛུགས་བྱེད་ས་དེ་ཆགས་ཡོད། དུས་ད་ལྟ་ཆ་བཞག་ན། འཛམ་གླིང་འདིའི་སྒང་གི་ཆོས་ལུགས་གཙོ་ཆེ་བ་ཆ་ཚང་ཡོད་ས་ཞིག་ཆགས་ཡོད། ཆོས་ལུགས་དེ་དག་ཡུལ་འདིར་ཡོད་པ་ཙམ་དུ་མ་ཟད། གཅིག་གིས་གཅིག་ལ་ཆོས་གྲོ༞གས་ཀྱི་འདུ་ཤེས་ཐོག་ནས་མཉམ་རུབ་ཐོག་གནས་བཞིན་ཡོད། མཚམས་རེ་རྙོག་གྲ་ཕྲན་བུ་་ཡོང་བཞིན་ཡོད་པ་ནི་བསམ་ཤེས་ཐུབ་པ་ཞིག་རེད། གང་ཡིན་བརྗོད་ན། ཆོས་ལུགས་ཚང་མའི་ནང་ཚུལ་མིན་གྱི་བྱ་སྤྱོད་སྤེལ་མཁན་དེ་འདྲ་རང་བཞིན་གྱིས་ཡོང་གི་ཡོད། མི་གྲངས་ཐེར་འབུམ་ཡོད་པའི་ནང་ནས་རྙོག་གྲ་བཟོ་མཁན་མི་རེ་ཟུང་ཡོང་རྒྱུ་ཡིན་པ་དེ་བསམ་ཤེས་ཐུབ་པ་ཞིག་ཡིན། འོན་ཀྱང་སྤྱི་ཡོངས་ནས་བརྗོད་ན།
རྒྱ་གར་ཡུལ་འདི་དེང་སྐབས་འཛམ་གླིང་ནང་ཆོས་ལུགས་མཐུན་སྒྲིལ་གྱི་མིག་དཔེ་ལྟ་བུ་ཆགས་ཡོད། ཆོས་ལ་དད་པ་བྱས་མ་བྱས་ཟེར་བ་དེ་མི་སྒེར་གྱི་གནད་དོན་ཞིག་རེད། དེར་སུ་གཅིག་བྱུས་གཏོགས་མེད། འོན་ཀྱང་ང་ཚོ་ཚང་མ་ཐུན་མོང་གི་དམིགས་ཡུལ་དེ་དྲང་བདེན་དང་འཚེ་བ་མེད་པ་བཅས་ལ་གཞིར་བཞག་སྟེ་ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་པ་ཚོས་འཆམ་མཐུན་ངང་གནས་ཐུབ་པ་བྱ་རྒྱུ་དེ་རེད། རིན་ཐང་འདི་ནི་རྒྱ་གར་གྱི་སྲོལ་རྒྱུན་རིན་ཐང་ཞིག་ཡིན། ངོས་རང་འཛམ་གླིང་ས་ཕྱོགས་གང་དུ་ཕྱིན་ཡང་ངོས་རང་རྒྱ་གར་སྲོལ་རྒྱུན་གྱི་བཟང་པོའི་བསླབ་བྱ་དེ་དག་བརྡ་ལན་སྤྲོད་མཁན་གྱི་བང་ཆེན་པ་ལྟ་བུ་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད། ངོས་རང་ས་གནས་གང་དུ་ཕྱིན་ཡང་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་སྐོར་བརྗོད་བཞིན་ཡོད། བསླབ་བྱ་དེ་དག་རྒྱ་གར་གྱི་བསླབ་བྱ་ཞིག་ཆགས་ཡོད། ཆོས་ལུགས་དབུ་ཁྲིད་རྣམས་ལྷན་འཛོམས་སྐབས་ངོས་རང་བང་ཆེན་ལྟ་བུ་ཞིག་ཡིན་པའི་ཆ་ནས་རྒྱ་གར་གྱི་སྲོལ་རྒྱུན་ནས་བྱུང་བའི་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་གྱི་བསླབ་བྱ་དེ་དག་གང་ཐུབ་ཀྱིས་བརྡ་ལན་སྤྲོད་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན།
ད་ཆ་ངོས་ཀྱི་དགེ་རྒན་རྒྱ་གར་བའི་ཆོས་ཕྱོགས་དབུ་ཁྲིད་ཁྱེད་རྣམས་ནས་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་གནང་དགོས། ཞེས་ངོས་ཀྱི་བརྗོད་བཞིན་ཡོད། ངོས་ཀྱིས་འདིར་བླ་ཆེན་མཆོག་གི་གནང་སྟངས་ལ་བསྔགས་བརྗོད་ཞུ་བཞིན་ཡོད། གང་ཡིན་བརྗོད་ན། ཁོང་གིས་ལྷ་ཁང་ནང་བཞུགས་ནས་ཆོ་ག་ཕྱག་ལེན་ལྟ་བུ་ཙམ་ལ་དབུ་མ་འཁོར་བར་མང་ཚོགས་ཀྱི་དབུས་སུ་ཕེབས་ཏེ་མང་ཚོགས་དང་ཐུག་འཕྲད་གནང། སྐད་ཆ་བཤད་པ་སོགས་ཀྱི་ཐོག་ནས་ཕན་ཐོགས་གནང་བཞིན་ཡོད། དེར་བརྟེན་ཁྱེད་ཀྱིས་མང་ཚོགས་ཀྱི་སེམས་ནང་ཞི་བདེ་བསྐྲུན་རྒྱུར་ཧ་ཅང་ཕན་ཐོག་གནང་ཐུབ་རྒྱུར་ངོས་ལ་ཡིད་ཆེས་ཡོད། དཔལ་འབྱོར་ཁོ་ན་བསམ་བསྡད་ན་སེམས་ནང་སེམས་ཁྲལ་ཧ་ཅང་ཡོང་གི་རེད། དེ་བཞིན་ལྐོག་ཟ་རུལ་སུངས། སྐྱག་རྫུན་མཛུན་ཤོད་རྒྱུ་དེ་དག་གིས་རྒྱ་གར་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད། བདེན་པ་དང་དྲང་པོ་དྲང་གཞག མི་མང་གི་བདེ་དོན་ལ་བསམ་བློ་གཏོང་རྒྱུ་སོགས་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་ཁྱེད་ནས་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུ་སྒྲིལ་གྱི་བསླབ་བྱ་དེ་དག་གིས་ཁྱིམ་ཚང་དང་མི་སྒེར། རྒྱལ་ཁབ་ཙམ་མ་ཟད། འཛམ་གླིང་ནང་འགྲོ་བ་མི་ཐེར་འབུམ་བདུན་གྱི་བདེ་དོན་གོང་མཐོར་གཏོང་རྒྱུ་ཧ་ཅང་ཕན་ཐོགས་ཡོང་ངེས་ཡིན། འདུ་འཛོམས་འདི་ལྟ་བུ་སྤྲོ་སྐྱིད་ཆེད་མིན། འདིར་ཁྱེད་རྣམས་འཛོམས་རྒྱུའི་དམིགས་ཡུལ་གཙོ་བོ་ནི་སེམས་ནང་ཞི་བདེ་གོང་མཐོར་ཇི་འདྲ་གཏོང་ཐུབ་མིན་སྦྱང་བརྩོན་གནང་དགོས། དེར་བརྟེན་ཁྱེད་རྣམས་ནས་བླ་ཆེན་མཆོག་གིས་གང་གསུང་པ་དེར་བསམ་བློ་ཡག་པོ་གཏོང་དགོས། ཞེས་བཀའ་སློབ་སྩལ་ཡོད་པ་བཅས།།