༢༠༡༢ ཟླ་ ༩ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༤ རེས་གཟའ་ཟླ་བའི་ཉིན་ཝི་ཏི་ནམ་ལྷོ་བྱང་ས་ཁུལ་ནས་ནང་པ་མི་གྲངས་ ༡༠༢ བཞུགས་སྒར་དུ་༸གོང་ས་མཆོག་མཇལ་བཅར་དུ་ཕེབས་ཡོད། དད་ལྡན་པ་ཁོང་རྣམས་ཝི་ཏི་ནམ་གྱི་ཚོང་དོན་སྒྲིག་འཛུགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་ Vietnamese CEO’s Club ཡིན་འདུག སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱིས་རྒྱུན་ལྡན་མི་གཞན་དང་ཐུག་སྐབས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་ཡིན་པའི་ངོས་ནས་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་གཅིག་མཚུངས་ཡིན་པ་མ་ཟད། ང་ཚོ་ཚང་མ་འདོད་ཆགས་དང་ཞེ་སྡང་། ང་རྒྱལ། ཕྲག་དོག་སོགས་ཉོན་མོངས་པས་གཞན་དབང་དུ་གྱུར་ཡང་དེའི་གཉེན་པོ་བྱམས་པ་དང་བརྩེ་བ་སོགས་རྒྱུད་ལ་གོང་འཕེལ་གཏོང་རྒྱུའི་ནུས་པ་ལྡན་ཡོད་པ་གཅིག་མཚུངས་ཤིག་ཆགས་ཡོད། བོད་རིགས་དང་ཝི་ཏི་ནམ་མི་རིགས་སུ་འདྲ་ཞིག་ཡིན་རུང་མའི་མངལ་ནས་ཐོག་མར་སྐྱེས་སྟངས་དང་མཐར་འཆི་བའི་གནས་སྟངས་སོགས་ལ་གཞིགས་ཚེ་གཅིག་པ་ཆགས་ཡོད།
ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང། བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡོད་པའང་གཅིག་མཚུངས་ཆགས་ཡོད། དེར་བརྟེན་ང་ཚོས་ཕན་ཚུན་རྩོད་པ་བྱས་ནས་དགོས་པ་གང་ཡང་མེད། གལ་ཏེ་ང་ཚོའི་དབར་རིགས་རུས་དང་ཆོས་ལུགས། ལྟ་གྲུབ་སོགས་མི་འདྲ་བ་ཕྲན་བུ་ཡོད་པ་དེར་གཙིགས་ཆེན་པོར་འཛིན་ཚེ་རང་བཞིན་གྱིས་ང་ཚོའི་དབར་ཁྱད་པར་ཡོང་རྒྱུ་ཡིན། ཁྱེད་པར་དེ་ལ་བརྟེན་ནས་ཕན་ཚུན་འཁྲུག་འཛིང་དང་གསོད་རེས་བྱས་པ་སོགས་དེ་སྔ་ཝི་ཏི་ནམ་དམག་འཁྲུག་སྐབས་སུའང་བྱུང་ཡོད། དཀའ་ངལ་དེ་དག་ང་ཚོ་མིས་བཟོས་པ་ཞིག་ཆགས་ཡོད། འགྲོ་བ་མི་རྣམས་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཞིག་ཡིན་པར་བརྟེན། རང་བཞིན་གྱིས་བྱམས་པ་དང་བརྩེ་བའི་ནུས་པ་ལྡན་ཡོད། བྱམས་པ་དང་བརྩེ་བས་ང་ཚོ་འཆམ་མཐུན་བཟོ་བཞིན་ཡོད། ཅེས་བཀའ་སློབ་སྩལ་རྗེས། ཞལ་ཤོབ་དང་སྦྲགས། ༸གོང་ས་མཆོག་གིས་དམར་ཤོག་འགོ་ཁྲིད་ལྟ་བུ་གཅིག་གིས་གཏམ་བཤད་བྱས་ཀྱང་བྱས་པ་དེ་འདྲར་ཐུགས་སྤྲོ་བ་མཛད་ཀྱི་མེད་པར་བརྟེན། ཕན་ཚུན་བགྲོ་གླེང་མཛད་རྒྱུའི་དགོངས་འཆར་འདོན་གནང་མཛད། སྐབས་དེར་མི་ཚེ་དོན་དང་ལྡན་པ་ཞིག་ཇི་ལྟར་སྐྱེལ་ཐུབ་མིན་ཐོག་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་ཡོད།
དེ་རྗེས་ཉིན་གུང་ཚོགས་དུས་སྐབས་ཝི་ཏི་ནམ་འཐུས་མི་ཁག་གཅིག་གིས་ཉེ་ལམ་ཝི་ཏི་ནམ་དང་རྒྱ་ནག་དབར་མཚོ་གླིང་བདག་དབང་ཐོག་རྩོད་རྙོག་འབྱུང་བཞིན་པའི་སྐབས་ཁོང་ཁྲོ་དང་སྟོབས་ཤུགས་ངོམ་ནས་དཀའ་ངལ་སེལ་ཐུབ་མིན་དང། ཝི་ཏི་ནམ་མི་མང་མང་པོ་ཞིག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གླིང་ཕྲན་གཅིག་ལ་གདན་འདྲེན་ཞུས་ཏེ་ནང་པའི་དགོན་པའམ་ལྷ་ཁང་ཞིག་གསར་འཛུགས་མཛད་རྒྱུའི་བསམ་འཆར་འདོན་བཞིན་ཡོད་ཅེས་ཞུས་པར། ༸གོང་ས་མཆོག་གིས་ཁོང་ཁྲོས་རྒྱ་མིའི་སེམས་ལ་གནོད་མི་ཐུབ་པར་བརྟེན། ཕྱོགས་གཉིས་འཆམ་མཐུན་གྱི་ཐབས་ལམ་བསྐྲུན་ཏེ་མི་མཐུན་པ་རྣམས་སེལ་ཐབས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཕྱི་ལོ་ ༡༩༧༩ ལོར་ཝི་ཏི་ནམ་གྱིས་རྒྱ་ནག་ལ་ཁ་གཏད་བཅག་ཡོད། ངོས་ཀྱིས་ལྷ་ཁང་དང་དགོན་པ་བཞེང་རྒྱུར་འདོད་པ་བྱེད་ཀྱི་མེད། དགོན་པ་དང་ལྷ་ཁང་གི་ཚབ་ཏུ་ཤེས་ཡོན་བསྟི་གནས་ཁང་དེ་འདྲ་འཛུགས་ཐུབ་ཚེ་བསྟི་གནས་ཁང་དེ་དག་གི་ནང་དུ་ནང་ཆོས་དང་དའོ་ཨི་སམ་ Daoism སོགས་སློབ་ཁྲིད་བྱ་རྒྱུས་མཚོན་རིས་མེད་ཆོས་ལུགས་ཁག་ལ་སློབ་གཉེར་བྱེད་ཐུབ་པ་ཞིག་ཡོང་ཐུབ། ཉེ་ལམ་ངོས་ཀྱིས་ལ་དྭགས་སུ་ཁུལ་དེར་རྟེན་གཞི་བྱས་པའི་དགོན་པ་དང་ལྷ་ཁང་དེ་དག་ཤེས་ཡོན་བསྟི་གནས་ཁང་ཞིག་ཏུ་བསྒྱུར་ཏེ་མང་ཚོགས་རྣམས་ཀྱིས་ནང་ཆོས་སློབ་གཉེར་བྱེད་ཐུབ་པ་ཞིག་དགོས་རྒྱུ་གལ་ཆེ་ཡིན་སྐོར་བརྗོད་པ་ཡིན། ཕྱོགས་མཚུངས་གལ་ཏེ་དེ་འདྲ་ཞིག་དངོས་སུ་འཛུགས་ཐུབ་པ་ཡིན་ན། མཚོ་གླིང་དེ་དག་ནང་ལས་ཝི་ཏི་ནམ་གྱི་རྒྱལ་སེ་གོན་ Saigonདང་ཧ་ནོའི་ Hanoi ནང་དགེ་མཚན་ཆེ་བ་ཡོང་རྒྱུ་གདོན་མི་ཟ། ཞེས་སོགས་ཀྱི་བཀའ་ལན་སྩལ་ཡོད་པ་བཅས།།