༢༠༡༢ ཟླ་ ༩ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༠ ཉིན་གྱི་ཕྱེད་ཡོལ་རྒྱ་གར་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་(Manekshaw Centre )མ་ནི་ཤོལ་དམག་མིའི་ཚོགས་ཁང་ཆེན་མོའི་ནང་དབུས་བོད་སློབ་འཛིན་ཚོགས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་མཛད་སྒོར་བཀའ་སློབ་དང་། དེ་བཞིན་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་(RAMAKRISHNA MISSION) ར་མ་ཀི་རི་ཤི་ནའི་ཆོས་ཚོགས་ཀྱིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཆོས་ཚོགས་དེར་སོ་མི་ཝི་ཝེ་ཀ་ནན་ཌ་ (Swami Vivekananda) མཆོག་འཁྲུངས་ནས་ལོ་ ༡༥༠ འཁོར་བའི་དུས་ཆེན་དང་སྦྲགས་འཛམ་གླིང་ཆོས་ལུགས་རིས་མེད་ཀྱི་འཆམ་མཐུན་དང་ཞི་བདེའི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད། ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ (JAMIA MILLIA ISLAMIA UNIVERSITY) ཇ་མི་ཡ་མི་ལི་ཡ་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་ཁང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་འཚེ་མེད་ཞི་བའི་གལ་གནད་དང་བཟང་སྤྱོད་ཀྱི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་སློབ་ཕྲུག་ཚོའི་དྲི་བར་བཀའ་ལན་སྩལ་ཡོད།
དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཕྱི་ཚེས་ ༡༣ ནས་ ༡༨ བར་སྡེ་ར་ལྡུན་ཁུལ་གྱི་བོད་མིིའི་གཞིས་ཆགས་ཀྱིས་གཙོས་དགོན་སྡེ། མངོན་དགའ་དང་སེ་ལ་ཀུའི་སློབ་གྲྭ དེ་བཞིན་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་དབུ་བཞུགས་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་གྲུབ་མཚམས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༨ ཉིན་སྡེ་ར་ལྡུན་ནས་མཁའ་བརྒྱུད་ཕྱེད་ཡོལ་ཆུ་ཚོད་ ༡༢།༤༠ ཙམ་ལ་གྷ་གལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སོགས་ཀྱིས་ཕེབས་བསུ་ཞུས་ཡོད། དེ་རྗེས་ཕེབས་འགྲོ་བརྒྱུད་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་སྐབས་གངས་སྐྱིད་དང་རྡ་སའི་མི་མང་གིས་གཙོས་དད་ལྡན་པ་རྣམས་ནས་ལག་ཏུ་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། བཞུགས་སྒར་ཕོ་བྲང་རྒྱལ་སྒོའི་ནང་ཁྲིམས་ཞིབ་པ་གཞན་གཉིས་མཆོག་གིས་དབུས་བོད་མི་མང་སྤྱི་འཐུས་རྣམ་པས་ཕེབས་བསུ་གཟབ་རྒྱས་ཡོད་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་འཁོད་པ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)