༢༠༡༢ ཟླ་ ༩ ཚེས་ ༢ རེས་གཟའ་ཉི་མ།
༄༅། །བོད་རྒྱལ་ལོ་ ༢༡༣༩ ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢ ཉིན་ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བོད་གཞུང་དམངས་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་ལོ་ངོ་ ༥༢ འཁོར་བའི་དུས་ཆེན་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་སྤོས་སྣེས་སྔོན་བསུས་ཀྱིས་མཛད་སྒོར་དབུ་བཞུགས་ཐོག་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། སྲི་ཞུའི་ལས་བྱེད་ཆེ་ཕྲ། རྡ་ས་ས་གནས་འགོ་འཛིན། རྡ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག དགོན་སྡེ་ཁག བཞུགས་སྒར་ཁུལ་གནས་མི་མང་སོགས་མི་གྲངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་མང་གཙོའི་རོལ་གཞས་འབུལ་ལམ་ཞུས་ཡོད། དེ་ནས་ཕྱི་དྲིལ་ལས་ཁུངས་ནས་ཕྱོགས་བསྒྲིགས་ཞུས་པའི་རྒྱ་ཡིག་གི་དེབ་༼བོད་ཀྱི་གནད་དོན་ཐོག་རྒྱ་རིགས་ཤེས་ཡོན་ཅན་ཚོའི་ལྟ་ཚུལ།༽ཞེས་པ་བཀའ་ཁྲི་མཆོག་གིས་དབུ་འབྱེད་གནང་།
དེ་བཞིན་རྣམ་རྒྱལ་གྲྭ་ཚང་ཤེས་ཡོན་ལྷན་ཚོགས་ནས་༉༸གོང་ས་མཆོག་གི་བཀའ་སློབ་ཕྱོགས་བསྒྲིགས་དེབ་ཕྲེང་ན་པ་༼ལྟ་བའི་དཀའ་གནད་གསལ་སྒྲོན།༽ཞེས་པ་བཀའ་ཁྲི་མཆོག་གིས་དབུ་འབྱེད་གནང་། དེ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ་ནས་བཟུང་ཤེས་རིག་ལས་ཁུངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་སློབ་ཚན་སྡེ་ཁག་གསུམ་ནས་ཤེས་ཡོན་རྩེ་ཕུད་སོན་པ་སློབ་ཕྲུག་རེར་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་གནང་རྒྱུའི་སྐོར་ཤེས་རིག་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་དང་འབྲེལ་བཀའ་ཁྲི་མཆོག་གིས་གནང་།
དེ་རྗེས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་ཡོད། དེ་བཞིན་འདི་ལོ་བོད་མི་རིགས་དང་བསྟན་སྲིད་ཆེད་རང་ལུས་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་མཚོན་སླད་རྒྱུན་ལྡན་མང་གཙོའི་དུས་ཆེན་ཉིན་འཁྲབ་རྒྱུའི་གཞས་སྣ་གོ་སྒྲིག་ཟིན་པར་ཁག་ཕྱིར་བཤོལ་གནང་ཡོད་ཀྱང་རྟེན་འབྲེལ་མཚོན་ཆེད་བོད་ཀྱི་ཟློས་གར་ཚོགས་པས་ཆོལ་གསུམ་འཆམ་མཐུན་གྱི་རིན་ཐང་དང། བཀྲ་ཤིས་པའི་རྣམ་ཐར་གཟིགས་འབུལ་ཞུས་ཡོད་པ་བཅས། །