༢༠༡༢ ཟླ་ ༩ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༡༥ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློ་གྲྭར་༸ཞབས་སོར་བདེ་བར་འཁོད་ཡོད། སྐབས་དེར་དབང་པོ་སྐྱོན་ཅན་གྱི་སློབ་ཕྲུག་ཕོ་མོ་གསུམ་ནས་གྲོ་སོ་ཕྱེ་མར་དང་ཆང་ཕུད་འདེགས་འབུལ་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་དང་། མི་མང་བཅས་ལྷན་འཛོམས་སར་༸ཞབས་སོར་འཁོད་པ་དང་སྦྲགས། རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་སློབ་གྲྭའི་འགན་འཛིན་གྱིས་ལས་བསྡོམས་སྙིང་བསྡུས་ཤིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སྒྲོན་ཞུས་པའི་ནང་།
སློབ་གྲྭ་དེ་ཕྱི་ལོ་ ༢༠༠༠ ལོར་དངོས་སུ་འགོ་འཛུགས་ཐུབ་པ་བྱུང་བ་དང་སློབ་གྲྭའི་མིང་བྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་རས་སྩལ་ཏེ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དབུ་འབྱེད་མཛད་ཡོད། ཉེ་ཆར་ཀརྨ་པ་རིན་པོ་ཆེ་མཆོག་སློབ་གྲྭར་ཕེབས་ཏེ་སློབ་ཕྲུག་ཁག་གཅིག་ལ་སྨན་བཅོས་ཀྱི་ཐད་ཐུགས་བརྩེའི་རོགས་རམ་གནང་བ་དང། དེང་གི་ཆར་དབང་པོ་སྐྱོན་ཅན་གྱི་སློབ་ཕྲུག་ཇི་ཙམ་ཡོད་པ་དང་སློབ་གྲྭ་དང་གྲྭ་སར་རེ་བཟུང་བཏང་ཐུབ་པ་བྱུང་སྐོར་དང་། དེ་བཞིན་གཡས་གཡོན་གྱི་སློབ་གྲྭར་ཡང་སློབ་ཕྲུག་ཁག་གཅིག་སློབ་སྦྱོང་བྱེད་པར་གཏོང་མུས་ཡིན་པ་སོགས་སྙན་སྒྲོན་ཞུས།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེའི་བཀའ་སློབ་ལམ་སྟོན་ཕེབས་པའི་ནང་། ད་ལྟ་ལས་བསྡོམས་ནང་ཤོད་རྒྱུ་དེ་དག་ཡག་པོ་བྱུང་འདུག ཁྱེད་ཚོས་ཆར་ཅན་གྱི་བྱེད་རྒྱུ་དེ་འདྲ་མ་ཡིན་པར་ཁ་ཐུག་གི་གནས་ཚུལ་གསར་པར་གཞིགས་ཏེ་བྱེད་ཐབས་དང་ཐབས་ལམ་གསར་པ་འཚོལ་རྒྱུ་དེ་ཧ་ཅང་ཡག་པོ་བྱུང་འདུག དེ་མིན་ང་ཚོ་མང་པོ་ཞིག་གིས་ཆར་ཅན་གྱི་བྱེད་རྒྱུ་དེ་བྱས་ནས་ཉི་མ་གང་འཁྱོལ་བཟོ་འདྲ་པོ་ཡོང་གི་འདུག ད་ལྟ་ཁྱེད་ཚོས་ཁ་ཐུག་གི་དངོས་ཡོད་གནས་ཚུལ་ལ་བརྟེན་ནས་ཐབས་ལམ་གསར་པ་འཚལ་ཏེ་རོགས་རམ་ཐབས་ཤེས་བྱེད་རྒྱུ་དེ་དག་ཧ་ཅང་ཡག་པོ་བྱུང་འདུག གང་ལྟར་ང་ཚོས་དབང་པོ་སྐྱོན་ཅན་ཕྲུ་གུ་ཚོར་ཚེ་སྔོན་མའི་ལས་ཟེར་ཀྱང་རུང་འཕྲལ་གྱི་རྐྱེན་དབང་ཟེར་ཀྱང་རུང་གང་ལྟར་སྤྱིར་མིའི་ཆ་རྐྱེན་དེ་དག་ཚང་མེད་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པ་དེ་དག་ནི་ང་ཚོ་མི་གཅིག་པ་རེད། དམན་ལ་ལྷག་པར་བརྩེ་བ་ཞེས་དམིགས་བསལ་དཀའ་ངལ་འཕྲད་ཡོད་པ་དེ་དག་ལ་དམིགས་བསལ་ལྟ་རྟོག་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་ཡིན།
དེ་སྔ་ཡིན་ན་ང་ཚོས་དེ་དག་ལ་དམིགས་བསལ་སློབ་སྦྱོང་སྤྲོད་རྒྱུའི་སྒྲིག་འཛུགས་གང་ལ་ཡང་མེད་ལ་བསམ་བློ་ཡང་མེད་པ་ལྟ་བུ་རེད། ཕྱིས་སུ་འཛམ་གླིང་འདིའི་སྟེང་དབང་པོ་སྐྱོན་ཅན་སོ་སོར་གཞིགས་པའི་སློབ་སྦྱོང་སྤྲོད་རྒྱུ་དེ་འདྲ་ཡོང་གི་ཡོད། གོང་དུ་ལས་བསྡོམས་ཀློག་སྐབས་ཧོབ་སྟེ་འདི་འདྲ་ཞིག་དྲན་བྱུང། དེ་རིང་ཁ་སང་འཕྲུལ་ཆས་ཧ་ཅང་ཡར་རྒྱས་ཕྱིན་ཡོད་པར་བརྟེན་དབང་པོ་རིགས་ཁག་གཅིག་སྐྱོན་ཡོད་པ་ཚོར་དེང་སྐབས་ཀྱི་འཕྲུལ་ཆས་གསར་པ་དེ་ཚོས་དབང་པོ་སྐྱོན་ཤོར་ཡོད་པ་ཚོར་ཁ་གསབ་བཟོ་འདྲ་པོ་བྱེད་ཐུབ་རྒྱུ་ཕལ་ཆེར་ཡོད་སྲིད་པ་རེད་བསམ་བཞིན་ཡོད། འཕྲོད་བསྟེན་ལས་ཁུངས་ངོས་ནས་འབྲེལ་ལམ་རྒྱ་ཆེ་ཙམ་བྱས་ཏེ་སྔོན་ཐོན་གྱི་ཕྱི་རྒྱལ་ལུང་པ་དེ་དག་ལ་འཕྲུལ་ཆས་ཡར་རྒྱས་ཕྱིན་ཡོད་པ་དང་ཆབས་ཅིག་དབང་པོ་སྐྱོན་ཅན་དེ་དག་ལ་བེད་སྤྱོད་བྱེད་རྒྱུའི་འཕྲུལ་ཆས་གསར་པ་དེ་འདྲ་ཡོད་སྲིད་པ་རེད།
ངོས་ནས་ཇར་མན་ཕད་རུ་བར་ཊི་ཞེས་པའི་འཁྲིས་དེར་དབང་པོ་སྐྱོན་ཅན་གྱི་ཚོགས་པ་ཞིག་གི་ནང་ཕྲུ་གུ་ཁག་གཅིག་ཡོད་པ་རྣམས་ཧ་ལམ་གཟུགས་པོ་ཕྱེད་ཀ་ཕན་མེད་ལྟ་བུ་རེད་འདུག ཁོང་ཚོ་ལས་ང་ཚོ་བོད་པའི་ཕྲུ་གུ་རྣམས་ཧ་ཅང་དྲག་པ་འདུག དེ་དག་གི་གྲས་ལའང་བདག་གཅེས་དང་སློབ་སྦྱོང་སྤྲོད་རྒྱུ་ཡོང་གི་འདུག དེ་དུས་དམིགས་བསལ་དོ་སྣང་མ་བྱུང་ཡང་དམིགས་བསལ་འཕྲུལ་ཆས་དེ་འདྲ་ཡོད་ངེས་རེད་བསམས་ཀྱི་འདུག ཁྱེད་ཚོས་དེར་འབྲེལ་བ་ཞིག་བྱེད་ཐུབ་ན་ཕྱོགས་གཅིག་ནས་བོད་རིགས་ནང་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་མི་ཕན་ཚུན་ཙམ་དུ་མ་ཟད། ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་དང། རྒྱ་གར་ཡུལ་པ་ཡིན་ཡང་མི་གཅིག་པ་རེད། གང་ལྟར་དབང་པོ་སྐྱོན་ཅན་གྱི་མི་གཅིག་ལ་ཞབས་འདེགས་སྒྲུབ་ཀྱི་ཡོད་པས་དགེ་བ་རླབས་ཆེན་གསོག་རྒྱུ་ཞིག་རེད།
ཆོས་ཕྱོགས་ནས་བཤད་པ་ཡིན་ནའང་། དམན་ལ་ལྷག་པར་བརྩེ་བ་ཞེས་སྐྱབས་མེད་དགོན་མེད་ཅིག་ལ་དམིགས་བསལ་ལྟ་སྐྱོང་བྱེད་རྒྱུ་ཞེས་པ་དེ་བྱང་ཆུབ་སེམས་དཔའི་སླབ་བྱའི་ནང་གི་གཙོ་བོ་ཞིག་ཆགས་ཡོད། ཁྱེད་རང་ཚོ་ལས་ཀ་བྱེད་མཁན་ཚོ་དཀའ་ངལ་ཏན་ཏན་ཡོད། དབང་པོ་སྐྱོན་ཅན་ཚོར་རོགས་བྱས་ཏེ་གཡོག་རྒྱུག་སྐབས་མཚམས་རེ་རང་ཉིད་ཐང་ཆད་པ་དེ་འདྲ་ཡོང་གི་རེད། ཁྱེད་ཚོས་ལོ་ནས་ལོ་དང་ཟླ་བ་ནས་ཟླ་བ་བསྟུད་དེ་ལས་ཀ་བྱེད་སྐབས་ཏན་ཏན་དཀའ་ངལ་འཕྲད་པ། སེམས་ཤུགས་ཆག་པ། ཐང་ཆད་པ་དེ་འདྲ་ཡོང་སྲིད། ཁྱེད་ཚོས་ལས་ཀ་བྱེད་རྒྱུ་དེ་ཆོས་ཕྱོགས་ནས་བཤད་ན་ཚོགས་གསོག་རྒྱུ་ཞིག་དང་། ཚེ་འདི་དང་ཕྱི་མའི་བསོད་ནམས་གསོག་རྒྱུ་ཡག་པོ་ཞིག་ཡིན་བསམས་པ་དྲན་ཏེ་ཧུར་ཐག་བྱེད་རོགས། ཁྱེད་ཚོ་ལས་བྱེད་ཚོར་དཀའ་ངལ་འཕྲད་སྐབས་སྒྲིག་འཛུགས་ངོས་ནས་ལྟ་རྟོག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། འདིར་ལས་ཀ་བྱེད་མཁན་ཚོས་ལས་ཀ་ཁག་པོ་ཡོད་ཀྱང་རང་ཉིད་ལ་དཀའ་ངལ་འཕྲད་ན་བློ་ལྟ་སའི་ཚོགས་པ་སྐྱིད་སྡུག་ཁྱིམ་ཚང་ལྟ་བུ་ཞིག་ཡོད་བསམས་པ་དྲན་ཐུབ་པ་བྱུང་ན་བློ་བདེ་བ་ཡོང་གི་རེད། དེར་བརྟེན་ལས་བྱེད་ཚོར་གླ་ཕོགས་དང་གང་ཅིའི་ཐོག་ནས་ལྟ་སྐྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན།
ངོས་ཀྱི་ངོ་ཤེས་ཨ་རིའི་བུད་མེད་གཅིག་གི་ས་ནས་གོ་བ་ལྟར་ན། དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་ཚོར་ལྟ་སྐྱོང་བྱེད་མཁན་གྱི་མི་དེ་ཡང་ཡང་བརྗེ་པོ་བརྒྱབ་ན་སྐྱོན་ཡོད། ལྟ་སྐྱོང་བྱེད་མཁན་ཚོ་དང་ཡུན་རིང་པོར་མཉམ་དུ་བསྐྱོད་རྒྱུ་བྱུང་ན། རིམ་བཞིན་ཧ་ལམ་ཕ་མ་སྤུན་མཆེད་ཀྱི་འདུ་ཤེས་སྐྱེས་ཡོང་སྐབས་ཕྲུ་གུ་ཚོས་བློ་ལྟ་སའི་ཁྱད་པར་ཆེན་པོ་ཡོད་པ་བརྗོད་ཀྱི་འདུག མི་གསར་པ་བརྗེས་ཏེ་ལག་རྩལ་ཐོག་ནས་རོགས་རམ་གཅིག་པ་བྱེད་ཀྱི་ཡོད་ཀྱང་མི་དེ་གསར་པ་ཡིན་རྐྱེན་དབང་པོ་སྐྱོན་ཅན་ཁ་གྲག་མི་ཐུབ་མཁན་ཞིག་ཡིན་ཡང་མི་ངོ་ཆོད་ནས་སེམས་ནང་སེམས་ཐག་ཉེ་བ་ཞིག་ཡོད་པ་ཡིན་ན་ཧ་ཅང་ཕན་ཐོགས་ཡོད་སྐོར་བརྗོད་ཀྱི་འདུག
དེར་བརྟེན་ཁོ་པ་ཚོ་འདིར་ལས་བྱེད་རྣམས་འཕྲལ་སེ་འཕྲལ་སེ་ལས་ཀ་བྱེད་མཁན་ལྟ་བུ་མིན་པར་རིང་མིན་ཁྱེད་ཚོས་ཉམས་མྱོང་བསགས་ཏེ་དུས་ཡུན་རིང་པོ་ཞིག་སྡོད་ཐུབ་པ་བྱུང་ན་ཡག་པོ་རེད། ཤེས་སོང་ངམ། ཁྱེད་རང་ཚོར་ཀརྨ་པ་རིན་པོ་ཆེས་ཐུགས་ཁུར་བཞེས་ཏེ་ཡག་པོ་བྱུང་འདུག ད་ཆ་གཞི་རྩ་ལྟ་བུ་ཚུགས་ཏེ་ཡོད་པ་དང་ཉམས་མྱོང་གསོག་གིན་གསོག་གིན་ལ་ད་དུང་ཡར་རྒྱས་གཏོང་རྒྱུའི་ཐབས་ཤེས་གང་འདུག་གམ་དེའི་ཐོག་ཁྱེད་ཚོས་བསམ་བློ་མང་ཙམ་བཏང་ན་ཡག་པོ་རེད། བཀྲ་ཤིས་བདེ་ལེགས།
ཞེས་བཀའ་སློབ་ལམ་སྟོན་ཟབ་རྒྱས་སྩལ་རྗེས་དབང་པོ་སྐྱོན་ཅན་རྣམས་དང་དགེ་རྒན་ལས་བྱེད་བཅས་ཀྱི་ལྷན་དུ་སྐུ་པར་ཡང་བསྒྲོན་ཏེ་དབང་སྐྱོན་ཅན་ཚོར་ཧ་ཅང་ཐུགས་བརྩེ་བ་ཆེན་པོས་ཕྱག་བྱུག་མཛད་དེ་ཉིན་འདིའི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་སྟེ་འབྲི་གུང་བཀའ་བརྒྱུད་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་དུ༸ཞབས་སོར་འཁོད། དགོན་དེས་སེར་སྦྲེངས་བསྒྲིགས་ཏེ་མཆོད་རྫས་སྣ་ཚོགས་ཐོགས་ནས་ཕེབས་བསུ་གཟབ་རྒྱས་དང་སྦྲགས་གཟིམ་ཆུང་དུ་གདན་ཞུས་ཀྱི་དེ་རིང་དེར་བཞུགས་ཞག་མཛད་པ་བཅས།།