༢༠༡༢ ཟླ་ ༩ ཚེས་ ༤ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་པ་ཁག་གཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༤ ནས་ ༦ བར་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤི་ཡ་གཙོ་བོ་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྔ་ལོའི་འཕྲོས་སྐྱོང་ལེའུ་ལྔ་པ་ནས་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་རྣམ་པའི་འཐུས་མིས་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་མཆོག་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་རྒྱ་སྐད་དང་ཝི་ཏམ་ནམ། བོད་སྐད་ཐོག་ནས་རིམ་བཞིན་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་ནས་མགོན་པོ་གང་ཉིད་མཆོག་གིས་དེར་འདུས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཱ་ལི་ཤི་ཡ་དང་། སིངྒ་པུར། ཝི་ཏི་ནམ་བཅས་ནས་དད་ལྡན་ཆོས་ཞུ་བ་ ༤༠༠ ཙམ་དང་། ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ ༥༧ ནས་ཁྱོན་མི་གྲངས ༨༩༢ བརྒལ་བ། དེ་བཞིན་རང་རིགས་བཅས་ཁྱོན་མི་གྲངས་ ༥༠༠༠ བརྒལ་བ་རྣམས་ལ་ཐོག་མར་ནང་ཆོས་ངོ་སྤྲོད་མཛད་དོན།
དེ་རིང་འདིར་བོད་ནས་གསར་དུ་འབྱོར་བ་ཁ་ཤས་ཡོད། ཁྱེད་རང་ཚོར་ཆ་བཞག་ན་ནང་ཆོས་ངོ་སྤྲོད་དང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཞེ་དྲག་མེད། དེ་རིང་འདིར་ཚུར་སླེབས་ནས་ཆོས་འབྲེལ་བྱ་རྒྱུའི་དུས་ཚོད་འཁེལ་བ་དེ་ཡག་པོ་བྱུང་ཡོད། དེར་བརྟེན་ཁྱེད་རང་ཚོས་གཟབ་ནན་ཐོག་ཉོན་ཤོག་ཨང། དེ་རིང་འདིར་སངས་རྒྱས་པའི་ཆོས་འགྲེལ་བཤད་བྱ་རྒྱུ་ཡིན། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལེའུ་བཞི་སྔོན་མ་ལོ་འགའ་ཤས་བསྟུད་དེ་ཆོས་འབྲེལ་ཟིན་པ་རད། དེ་རིང་ལེའུ་ལྔ་པ་ནས་འཆད་རྒྱུ་ཡིན། ནམ་རྒྱུན་འཆར་ཅན་ལྟར་སྔོན་ལ་སྤྱི་བཤད་ཞིག་འཆད་རྒྱུ་ཡིན་པས་དེར་གནད་འགག་ཅིག་འདུག སངས་རྒྱས་པའི་ཆོས་ཡོངས་གྲགས་བྱས་ན། ལོ་ངོ་ཉིས་སྟོང་དྲུག་བརྒྱ་ཙམ་གོང་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་དུ་ཕེབས་ནས་རིམ་པས་ཆོས་ཀྱི་འཁོར་ལོ་བསྐོར་གནང་བ་རེད། ད་ལྟ་ང་ཚོ་དུས་རབས་ཉེར་གཅིག་ནང་སླེབས་ཡོད། འདས་པའི་ལོ་སྟོང་ཕྲག་གཉིས་གསུམ་གོང་ནས་བྱུང་བའི་ཆོས་བརྒྱུད་གཙོ་ཆེ་མང་པོ་ཞིག་དུས་ད་ལྟ་ཡིན་ནའང་། འཛམ་གླིང་འདིའི་སྟེང་མི་མང་པོ་ཞིག་ལ་སེམས་ཀྱི་རེ་བ་བཅོལ་ས་ཞིག་ཆགས་ཡོད།
སྤྱིར་བཏང་ཆོས་ཞེས་པ་དེ་མི་ལ་དཀའ་ངལ་འཕྲད་ནས་སོ་སོས་ཐབས་ཤེས་མ་ཐུབ་པར་ཛ་དྲག་ཡོང་བའི་སྐབས་རེ་བ་བཅོལ་ས་ཞིག་ཡོང་གི་ཡོད། ཆོས་ལུགས་ནང་རང་ལས་ནུས་པ་ཆེ་བ་ཞིག་སྐྱབས་གནས་ལ་བརྩིས་ཏེ། མ་མཐར་སོ་སོའི་བློ་གཏད་བཅོལ་ས་ཞིག་གི་ཡུལ་ལྷ་གཞི་བདག་ཟེར་བའི་ལྷ་གསོལ་རྒྱུ་ཡོང་གི་ཡོད། སོ་སོར་དཀའ་ངལ་འཕྲད་སྐབས་བློ་གཏད་བཅོལ་ཡུལ་དེས་སྐྱོབ་ཀྱི་རེད་ཅེས་ཤོད་སྲོལ་ཞིག་ཡོང་གི་ཡོད། ཆོས་ལུགས་ནང་ནས་དད་པ་བྱེད་ཡུལ་དང་འགྲེལ་བཤད་རྒྱག་རྒྱུའི་ལྟ་གྲུབ་ཡོད་པའི་ཆོས་ལུགས་སྔ་ཤོས་དེ་ཕལ་ཆེར་ཧིན་རྡུའི་གྲང་ཅན་པ་ཆགས་ཡོད། དེ་བཞིན་ཨི་ཇིབ་སྔ་མོ་ལོ་ངོ་སྟོང་ཕྲག་བཞི་ཙམ་སྔོན་ནས་ཆོས་ལུགས་ཡོད་ཅེས་ཤོད་སྲོལ་འདུག དེ་བཞིན་རྒྱ་ནག་ནང་དུའང་ནང་ཆོས་ལ་དད་པ་བྱེད་མཁན་མང་པོ་ཡོད། ལྟ་གྲུབ་ཤུགས་ཆེན་པོ་ཡོད་པ་དེ་ཕལ་ཆེར་བ་རྒྱ་གར་ནས་རེད། དེ་རིང་ཁ་སང་ཕལ་ཆེར་རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་ཚང་མ་མཉམ་མཐུན་དུ་གནས་ཡོད་པ་ལྟ་བུ་ཞིག་རེད། རྒྱ་གར་རང་ནས་གྲང་ཅན་པ་ནས་བཟུང་མུ་སྟེགས་པའི་གྲུབ་མཐའ་མང་པོ་ཞིག་ཡོད། དེ་ནས་སངས་རྒྱས་པའི་གྲུབ་མཐའ་དེ་དག་བྱུང་། ཞེས་དང་། ལྷག་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ཕེབས་དོན།
ང་ཚོ་དུས་རབས་ཉེར་གཅིག་ནང་སླེབས་ཡོད་ཀྱང་། ཆོས་བརྒྱུད་གཙོ་ཆེ་བས་འཛམ་གླིང་མི་མང་པོ་ཞིག་ལ་ཕན་ཐོགས་ཡོད། ངོས་ཀྱིས་ནམ་རྒྱུན་ང་རང་ཚོ་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་རེད། ཅེས་ཤོད་ཀྱི་ཡོད། ངོས་ཀྱིས་ནམ་རྒྱུན་མི་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་དུམ་བུ་གསུམ་དུ་ཕྱེ་སྟེ། དུམ་གཅིག་གིས་ཆོས་ལ་དད་པ་བྱས་ཏེ་ཆོས་ཁས་ལེན་གྱི་ཡོད། དུམ་བུ་གཅིག་གིས་ཆོས་ཟེར་བ་མེད། མི་ལ་མགོ་སྐོར་དང་བཤུ་གཞོག་ལས་ཕན་ཐོགས་མེད་ཅེས་པའི་ལྟ་ཚུལ་འཛིན་གྱི་ཡོད། དེ་ནས་མཐའ་གཅིག་ཏུ་ཆོས་ལ་ངོ་རྒོལ་མ་བྱས་པར་བཏང་སྙོམས་ཐོག་སྡོད་མཁན་ཕལ་ཆེར་མང་བ་ཡོད། དེ་གསུམ་པོ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་རེད། ཞིབ་འཇུག་བྱོས་དང་། ཆོས་ཟེར་བ་དེ་ཕན་ཐོགས་མེད་ཅེས་ཤོད་མཁན་དེ་དག་དྲང་བདེན་དང་། བྱམས་བརྩེར་ཧ་ལམ་དོ་སྣང་མེད་པའི་རྐྱེན་གྱིས་སོ་སོ་དང་སྤྱི་ཚོགས་ནང་སྐྱིད་པ་ཕལ་ཆེར་མེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱིས་དཀོན་མཆོག་ལ་ཞེ་སྣང་བྱས་ཏེ་བག་ཡོད་བསྟེན་རྒྱུ་ཡོང་གི་ཡོད། དེ་བཞིན་ཆོས་བརྒྱུད་གཙོ་ཆེ་བ་ཚང་མར་དྲང་པོ་དང་བྱམས་བརྩེ་བྱེད་དགོས་ཞེས་བསླབ་བྱ་གཅིག་མཚུངས་ཡོད། རང་རང་གི་ཆོས་ལུགས་ལ་ཡིད་ཆེས་བྱས་ཏེ་ལག་ལེན་བསྟར་ཐུབ་ན། ཏན་ཏན་སེམས་སྐྱིད་པ་ཡོང་གི་རེད། ངོས་ཀྱི་ཤེས་པའི་ཡི་ཤུ་དང་། ཁ་ཆེ། ཇིའུ་ཡོད། དེ་དང་དེ་འདྲ་བའི་ཆོས་བརྒྱུད་མང་པོའི་ནང་ངོ་ཤེས་པ་ཡོད། སོ་སོའི་ཆོས་ལུགས་དེར་ཡིད་ཆེས་ཀྱི་ཐོག་ནས་ཉམས་ལེན་བྱེད་མཁན་དེ་དག་དོ་བདག་སོ་སོའི་སེམས་བག་ཕེབས་ཡོད་པ་ཙམ་མ་ཟད། དཀའ་ངལ་འཕྲད་སྐབས་དེར་གདོང་ལེན་བྱ་རྒྱུའི་ཕན་ཐོགས་ཡོང་གི་ཡོད།
དེར་བརྟེན་ཆོས་ཀྱི་དགོས་དོན་དེ་མིའི་བདེ་སྐྱིད་བསྒྲུབ་རྒྱུ་རེད་འདུག ཅེས་སོགས་ཀྱི་སྔོན་འགྲོའི་བཀའ་སློབ་སྩལ་ཏེ་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད། ཐེངས་འདིའི་ཉིན་གསུམ་རིང་གི་ཆོས་འབྲེལ་དེ་ཡང་དབྱིན་སྐད་དང་། རྒྱ་སྐད་ཀྱིས་གཙོས་སྐད་ཡིག་འགའ་ཤས་ཤིག་ནང་གསུང་བསྒྱུར་ཞུ་བཞིན་ཡོད་པ་མ་ཟད། ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ཆོས་འབྲེལ་བསྐྱངས་ཐེངས་དྲུག་པ་དེ་ཡིན་འདུག་པ་བཅས། །