༢༠༡༢ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༦ ནས་ཚེས་ ༨ བར་ཉིན་གསུམ་རིང་རྒྱལ་སྤྱིའི་ཧི་མ་ཅལ་ཞང་ཞུང་སྐད་རིགས་དང་རིག་གཞུང་གི་ཚོགས་ཆེན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁུལ་སི་མོར་རྫོང་ཁོངས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་དུ་ལོ་ཙཱ་བ་རིན་ཆེན་བཟང་པོའི་ཡི་གེ་རིག་གཞུང་ཚོགས་པའི་གོ་སྒྲིག་དང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་མཐུན་འགྱུར་འོག་ཞང་ཞུང་མཁས་དབང་གར་ཞྭ་བ་ཚེ་རིང་རྡོ་རྗེས་འགན་བཞེས་ཀྱིས་ཚོགས་གནང་ཡོད།
དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོ་གཉིས་ཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ་མ་ཟད། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རམ་ཀུ་མར་དྷུ་མར་མཆོག་གིས་དེང་སྐབས་ཧི་མ་ལ་ཡའི་རི་རྒྱུད་དུ་གྲགས་པའི་ས་གནས་ཁག་ནས་ཕ་མེས་ཞང་ཞུང་གི་སྐད་རིགས་བདག་སྐྱོང་དང་ཉམས་ཞིབ་ཚུལ་མཐུན་དགོས་སྐོར་སོགས་ཀྱི་གསུང་བཤད་གནང།
དངོས་གཞིའི་ཚོགས་འདུའི་སྐབས་རྒྱ་བལ་འབྲུག་གསུམ་སོགས་ནས་ཕེབས་པའི་མཁས་དབང་ཁག་དང་། ཧི་མ་ཅལ་གཙུག་ལག་སློབ་གཉེར་ཁང་གི་ཁུ་ནུ་དང། གར་ཞྭ། སྤྱིའི་ཏི་སོགས་ཀྱི་ཞིབ་འཇུག་སློབ་མ་མང་པོ་ཞིག་བཅས་ནས་གཡུང་དྲུང་བོན་གྱི་བསྟན་འབྱུང་ངོ་སྤྲོད། སོ་སོའི་ཆོས་རིག་དང་ཡུལ་གོམས་གཤིས་ལུགས། སྐད་ཡིག་སོགས་མང་པོ་ཞིག་གནའ་དུས་ཞང་ཞུང་གི་རང་ལུགས་མ་ཉམས་པ་ཡིན་སྐོར་གྱི་རྩོམ་ཡིག་སྒྲོགས་སྦྱང་སོགས་བགྲོ་གླེང་ཞིབ་རྒྱས་གནང་ཡོད།
ཚོགས་འདུའི་འགན་ཁུར་བ་ཞང་ཞུང་མཁས་དབང་གར་ཞྭ་བ་ཚེ་རིང་རྡོ་རྗེས་ ༡༩༦༨ ལོར་ཐོག་མར་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེའི་ཞལ་སྔ་ནས་ཞང་བོད་སྒྲ་སྡེབ་སྣང་གསལ་སྒྲོན་མེ་མཇལ་རྒྱུ་བྱུང་བ་ནས་བཟུང་། ད་བར་ཞང་ཞུང་གི་སྐད་རིགས་དང་རིག་གཞུང་ལ་ཞིབ་འཇུག་གིས་རྩོམ་ཡིག་ཁག་རྒྱ་གར་དང་རྒྱལ་སྤྱིའི་ཐོག་འགྲེམས་སྤེལ་གནང་ཡོད་པ་མ་ཟད། ད་ལྟ་ལོ་ཙཱ་བ་རིན་ཆེན་བཟང་པོའི་ཡི་གེ་རིག་གཞུང་ཚོགས་པའི་ཚོགས་གཞོན་གྱི་འགན་ཁུར་བཞེས་བཞིན་ཡོད་པ་བཅས།།