༢༠༡༢ ཟླ་ ༩ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༧ རེས་གཟའ་ཟླ་བའི་ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་གཉིས་དང་ལྷན་རྒྱ་གར་གྱི་དཔལ་འབྱོར་དང་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ཡ་ཤི་ཝནྟ་སིནྷ་ (Yashwant Sinha) མཆོག་གིས་གསར་འགོད་གསལ་བསྒྲགས་སྐབས་གསུང་དོན། རྒྱ་གར་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ཞིག་ཡོད། ཚོགས་པ་དེར་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ (All Parties Parliamentarian Forum for Tibet) བརྗོད་བཞིན་ཡོད། ཚོགས་པ་དེ་ཐོག་མར་ ༡༩༧༠ སྐབས་ནས་བྱུང་ཡོད།
སྐབས་དེར་ཚོགས་པ་དེའི་མགྲིན་ཚབ་པ་སྐུ་ཞབས་མཌུ་རི་མེ་མཆོག་ཡིན་པ་དང་། དེ་རྗེས་སྐུ་ཞབས་ཇོར་ཇི་ཕར་ནན་ཌེ་སི་ (George Fernandes) མཆོག་དང་། དེ་རྗེས་མོ་ཧན་སིངྒ་བཅས་ཕེབས་ཡོད། སྔ་ལོ་ནས་ཚོགས་མི་རྣམས་ནས་ཚོགས་པའི་འགན་འཛིན་གྱི་ལས་འགན་ངས་འཁྱེར་དགོས་པའི་ཐག་གཅོད་བྱུང་ཡོད། ཕྲན་རང་ཚོགས་པའི་འགན་འཛིན་དུ་བསྐོ་གཞག་བྱུང་མཚམས། བོད་མི་ཆོས་གྲོགས་རྣམས་ནས་རྡ་སར་ཐེངས་གཅིག་ཡོང་དགོས་པའི་དགོས་འདུན་བཏོན་ཡོད། སྤྱིར་ལྡི་ལིར་བོད་མི་ཆོས་གྲོགས་ཚོ་དང་སྐབས་སྐབས་ལ་ཐུག་རྒྱུའི་གོ་སྐབས་བྱུང་ཡོད། འོན་ཀྱང་བཞུགས་སྒར་བསྟི་གནས་འདི་བཞིན་དམིགས་བསལ་གལ་ཆེན་པོ་ཞིག་ཆགས་ཡོད།
དེར་བརྟེན་འདིར་བཅར་རྒྱུར་དམིགས་བསལ་གྱི་གལ་གནད་ཅིག་ཡོད། ང་རང་ཐེངས་འདིར་རྡ་སར་བཅར་ཐུབ་པར་དམིགས་བསལ་དགའ་ཚོར་ཡོང་བཞིན་འདུག ང་རང་འདིར་བཅར་སྐབས་སུ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འཐུས་བཞི་པ་ཚུགས་བཞིན་འདུག ང་རང་དེར་ཟུར་ཉན་བྱས་ནས་འགྲོ་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཚམས་འདྲི་ཞུས་བྱུང། དེ་རྗེས་བཀའ་བློན་ཁྲི་པ་བཟང་སེང་གེ་མཆོག་དང་ཟུར་དུ་བཀའ་མོལ་བྱུང། ང་རང་འདིར་བཅར་རྒྱུའི་རྒྱུ་མཚན་གཙོ་བོ་ནི་རྒྱ་གར་གྲོས་ཚོགས་སུ་བོད་མིའི་འཐབ་རྩོད་ལ་གདུང་སེམས་མཉམསྐྱེ་གནང་མཁན་གྲོས་ཚོགས་འཐུས་མི་མི་ཉུང་བ་ཞིག་ཡོད་པ་དང་། འབྱུང་འགྱུར་བོད་དོན་འཐབ་རྩོད་ལས་འགུལ་ཐོག་འཆར་གཞི་གསར་པ་འདིང་རྒྱུའི་གོ་སྐབས་ཤིག་ཐོབ་རྒྱུ་ཡིན་པ་དེ་ཡིན། ལས་འཆར་གང་ཡིན་ད་ལྟའི་ཆར་ངས་འདི་དང་འདི་ཡིན་ཞེས་གསལ་བསྒྲགས་བྱ་རྒྱུའི་དུས་ལ་བབ་མེད། འོན་ཀྱང་ང་རང་་ལྡི་ལིར་ཕྱིར་ལོག་ནས་འབྲེལ་ཡོད་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་གོ་བསྡུར་ཞུ་རྒྱུ་མ་ཟད། འབྲེལ་ཡོད་བོད་མི་ཆོས་གྲོགས་རྣམས་དང་ལྷན་གོ་བསྡུར་བྱུང་མཐར་གསལ་བསྒྲགས་བྱ་རྒྱུ་ཡིན།
བོད་མིའི་དཀའ་ངལ་དེ་ཕྱི་ལོ་ ༡༩༥༠ ལོ་ནས་བོད་ནང་དུ་རྒྱ་མིས་བཙན་འཛུལ་བྱས་རྗེས་བྱུང་བ་ཞིག་ཡིན། རྒྱ་མིས་བོད་ས་བཙན་འཛུལ་བྱས་རྗེས་རིམ་བཞིན་གནས་ཚུལ་མང་པོ་བྱུང་བ་དེ་ཚང་མས་མཁྱེན་གསལ་རེད། བོད་ཀྱི་གནད་དོན་དེ་རྩ་མེད་བཟོ་ཆེད་རྒྱ་ནག་གཞུང་གིས་ཐབས་བྱུས་སྣ་ཚོགས་ཤིག་བཏིང་ཡོད། བོད་མི་ཚོས་རྒྱ་ནག་གཞུང་གིས་དམ་བསྒྲགས་ལ་ཞི་རྒོལ་ནམ་བྱེད་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཧ་ཅང་བྱས་ཡོད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་ཀིརྟི་དགོན་པར་དམ་བསྒྲགས་བྱས་ཏེ་དགེ་འདུན་པ་རྣམས་ལ་དྲག་གནོན་ཧ་ཅང་བྱས་རྐྱེན་དགེ་འདུན་པ་རྣམས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དེང་སྐབས་འཛམ་གླིང་རྒྱ་ཁྱབ་ཏུ་གྲགས་ཡོད། དེ་རྗེས་རིམ་བཞིན་བོད་མི་ཚོས་བསྟུད་མར་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་གསར་ཤོག་དང་བརྒྱུད་ལམ་འདྲ་མིན་ཁག་གི་ནང་ཧ་ལམ་ཉིན་ལྟར་འཐོན་བཞིན་ཡོད། མི་གཞན་གྱི་སྲོག་གཅོད་རྒྱུ་ལས་སླ་བ་ཞིག་ཡིན། འོན་ཀྱང་རང་ལུས་མེར་སྲེག་བཏང་རྒྱུ་དེ་ལས་སླ་པོ་ཞིག་མིན། བྱེད་སྟངས་དེས་གང་མཚོན་བཞིན་ཡོད་བརྗོད་ན། དེང་སྐབས་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་དམ་བསྒྲགས་ཚད་ལས་བརྒལ་བ་ཞིག་གི་གནས་སྟངས་ལ་བསླེབས་ཡོད་པའི་མཚོན་རྟགས་ཤིག་ཡིན་པ་ཧ་ཅང་གསལ་པོ་རེད། རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་འཚོལ་ཐབས་བྱ་རྒྱུ་ང་ཚོས་འབད་བརྩོན་གང་ཡོང་བྱས་དང་བྱེད་མུས་ཡིན། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐབས་སུའང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་གྱི་ཚོགས་མིས་མཉམ་ཞུགས་བྱས་དང་བྱེད་མུས་ཡིན། ང་རང་འདིར་ཡོང་རྒྱུའི་དགོས་དམིགས་གཙོ་བོ་གཅིག་ནི་བོད་མི་ཚོའི་དཀའ་ངལ་ཐོག་རྒྱ་གར་བ་ཚོས་གདུང་སེམས་མཉམ་སྐྱེ་ཡོད་ཅེས་བརྡ་ལན་སྤྲོད་ཆེད་ཡིན། རྒྱ་ནག་གཞུང་ཐོག་རྒྱལ་སྤྱིའི་གནོན་ཤུགས་མུ་མཐུད་གནས་རྒྱུ་དང་བོད་མི་ཚོར་རང་གི་ཐོབ་ཐང་ཡོད་པ་རྣམས་རག་ཐབས་བྱ་རྒྱུ་དེ་ང་ཚོའི་དམིགས་ཡུལ་གཙོ་བོ་ཞིག་ཡིན། ཞེས་གསལ་བསྒྲགས་སྤེལ་ཡོད་པ་བཅས།།