༢༠༡༢ ཟླ་ ༩ ཚེས་ ༡༠ རེས་གཟའ་
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༦ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་སྤྱི་མཐུན་གྱི་ཕྱི་འབྲེལ་ལས་དོན་ལྷན་ཁང་གི་ཤར་ཨེ་ཤི་ཡ་དང། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་འགན་འཛིན་སྐུ་ཞབས་གྷེར་ཧར་ཌི་ (Dr.Gerhard Sabathil) མཆོག་དང་མཇལ་འཕྲད་གནང་ཡོད།
ཆུ་ཚོད་གཅིག་ཙམ་གྱི་མཇལ་འཕྲད་སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར། ཁོར་ཡུག་གི་ཐོབ་ཐང་བཅས་ལ་རྩིས་མེད་རྡོག་རོལ་བཏང་བར་བརྟེན། བོད་ནང་དུ་གཞིས་ལུས་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་གནས་སྟངས་སྐོར་སོགས་ཞིབ་ཕྲ་ངོ་སྤྲོད་ཞུས་པ་དང་སྦྲགས། ཡུ་རོབ་ཕྱི་སྲིད་ལས་དོན་ལྷན་ཁང་གིས་རྒྱ་ནག་གཞུང་ལ་བོད་ནང་དྲག་གནོན་མཚམས་འཇོག་ཆེད་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་ཡང་བཏོན་ཡོད།
སྐབས་དེར་སྐུ་ཞབས་གྷེར་ཧར་ཌི་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་ལྷན་ཚོགས་གཙོ་མཆོག་དངོས་སུ་ཐུག་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་ཡོད། དེ་བཞིན་ཁོང་གིས་ཡུ་རོབ་ཕྱི་སྲིད་ལས་དོན་ལྷན་ཁང་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཤེས་རྟོག་ཡོད་སྐོར་དང་། འདས་པའི་ལོའི་ནང་ཁོང་ཚོའི་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་སྐོར་གླེང་སློང་བྱས་ཡོད་སྐོར། དེ་བཞིན་ཁོང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་བློ་འཚབ་ཡོད་སྐོར་གསུངས་པ་མ་ཟད། ཡུ་རོབ་ཕྱི་སྲིད་ལས་དོན་ལྷན་ཁང་གིས་རྒྱ་ནག་གཞུང་དང་ལྷག་པར་རིང་མིན་ཡུ་རོབ་སྤྱི་མཐུན་དང་རྒྱ་ནག་གི་ལྷན་ཚོགས་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་རྒྱུའི་ཁས་ལེན་ཡང་གནང་ཡོད། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་གྷེར་ཧར་ཌི་ལགས་ལ་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཡིག་ཆ་ཕུལ་བ་དང་ཆབས་ཅིག་ཁོང་ལ་བོད་དོན་ཐོག་རྒྱབ་སྐྱོར་དང་དགོངས་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་སྐབས་དེར་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱང་ལྷན་བཅར་ཞུས་ཡོད་པ་བཅས།།
ཡུ་རོབ་སྤྱི་མཐུན་ཚོགས་པའི་དབུ་ཁྲིད་ནས་རྒྱ་ནག་གཞུང་དང་ལྷན་བོད་དོན་གླེང་རྒྱུའི་ཁས་ལེན་གནང་བ།
གསར་གནས།
འབྲེལ་གནས།