༢༠༡༢ ཟླ་ ༩ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༧ ཉིན་བདེན་པའི་མེ་ལྕེ་སྐོར་བསྐྱོད་་ཨིན་ཡུལ་རྒྱལ་ས་ལོན་ཌོན་ London ནས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ལ་བརྒྱུད་སྤྲོད་རྗེས་རིམ་བཞིན་སྦེལ་ཇམ་རྒྱལ་ས་བྷར་སིལ་ Brussels དུ་འབྱོར་ཡོད། དེ་རྗེས་རྒྱལ་སའི་ནང་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་ཡུ་རོབ་གྲོས་ཚོགས་ཀྱི་ལས་ཁུངས་བསྟི་གནས་ཁང་གི་མདུན་དུ་བདེན་པའི་མེ་ལྕེའི་ལས་འགུལ་ཐོག་མཛད་སྒོ་ཞིག་ཚོགས་ཡོད། སྐབས་དེར་ཡུ་རོབ་གྲོས་ཚོགས་ལས་ཁུངས་བསྟེ་གནས་ཁང་པེ་ལེ་སི་ཌུ་ལུག་སམ་བྷག་ཏུ་ (Place du Luxembourg) ཞེས་པར་འབྱོར་སྐབས་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་དང་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཏུ་ནེ་ཀེ་ལམ་Tunne Kelam མཆོག དེ་བཞིན་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། ས་གནས་བོད་དོན་རྒྱབ་སྐྱོར་བ། ས་གནས་བོད་རིགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས།
དེ་རྗེས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་དང་དགོས་འདུན་རྣམས་ཞིབ་ཕྲ་གསལ་བཤད་གནང་བ་དང་སྦྲགས། བོད་ནང་གི་གནས་སྟངས་དེང་སྐབས་ཉིན་རེ་ནས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པར་བརྟེན་རྒྱལ་སྤྱིའི་ཚོགས་པས་བོད་མི་ཚོར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད། གཞན་ཡང་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ད་བར་བོད་མི་ཚོར་ཆོད་སེམས་བརྟན་པོས་ཐོག་ནས་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་མ་ཟད། སླད་ཀྱང་རྒྱབསྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད། ལྷག་པར་དེ་ཉིན་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་མཆོག་དང་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཏུ་ནེ་ཀེ་ལམ་མཆོག་རྣམ་གཉིས་ཀྱིས་དངོས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཐོག་མཉམ་ཞུགས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་ཡོད། དེ་ནས་སྐུ་ཞབས་ཐོ་མ་སི་མན་མཆོག་གིས་བདེན་པའི་མེ་ལྕེ་ཁུལ་དེར་འབྱོར་བར་དགའ་བསུ་ཞུས་པ་དང་སྦྲགས།
ཁོང་ནས་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་བ་མ་ཟད། ཡུ་རོབ་གྲོས་ཚོག་བོད་དོན་རྒྱབ་སྐྱོར་འཐུས་མི་རྣམས་ཀྱིས་ཡུ་རོབ་གྲོ་ཚོགས་ནང་བོད་དོན་གླེང་སྐོར་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་གྱི་ཚོགས་མི་ནང་ཁུལ་ལྷན་འཛོམས་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་EU special coordinator for Tibet བསྐོ་གཞག་བྱ་རྒྱུར་ལས་འགུལ་སྤེལ་བཞིན་ཡོད་པ་རྣམས་འགྲེལ་བརྗོད་གནང་ཡོད། ཕྱོགས་མཚུངས་སྐུ་ཞབས་ཏུ་ནེ་ཀེ་ལམ་ལགས་དང་སྐུ་ཚབ་དོན་གཅོད་སོགས་ནས་ཀྱང་གསུང་བཤད་གནང་ཡོད་པ་བཅས།།