༢༠༡༢ ཟླ་ ༩ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་རྡ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་ནང་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ནས་འགོ་འཛུགས་ཀྱིས་ཚེས་ ༢༨ ཉིན་རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་ཡོད་ཅིང་། མཇུག་སྡོམ་མཛད་སྒོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན།
འདས་པའི་ཉི་མ་བཞིའི་ནང་ཚོགས་བཅར་བ་ ༤༣༢ ཡོད་པ་རྣམས་ཚོགས་ཆུང་ཆ་བགོས་དང་གོ་བསྡུར་སྦྱང་བཤད། ཡིག་ཆ་གཏན་འབེབས་གང་ཅིའི་ཐོག་ནས་ཡག་ཐག་ཆོད་བྱུང་སོང་། ཞེས་ཚོགས་གཙོ་སྦྲེལ་པོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི༌ཚབ་ཞུས་ཏེ་ཚོགས་བཅར་བ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དབུ་འབྱེད་དང་མཇུག་སྡོམ་མཛད་སྒོའི་སྐབས། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བས་དབུས་ཁྲིམས་ཞིབ་པ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་འགན་འཛིན་རྣམ་གཉིས་བཅས་ལ་ང་ཚོས་མགྲོན་འབོད་ཞུས་པ་ལྟར། ཕེབས་ཐུབ་པ་དང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་ཚོས་ལས་འགུལ་གང་སྤེལ་དགོས་མིན་ཐོག་ཉིན་བཞིའི་རིང་གོ་བསྡུར་བྱུང་བ་རེད། ད་ཐེངས་ཀྱི་རྒྱབ་གཉེར་སྙན་ཐོ་འདི་ལྟར་གཏན་འབེབས་བྱས་ཡོད། ན་ནིང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་ལྟར། ཁ་སང་དྲི་བར་ལན་འདེབས་སྐབས་གསལ་བཤད་ཞུས་པ་ཡིན། གང་ལྟར་སྙན་ཐོ་དོན་ཚན་རེ་རེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ནང་དབྱེ་གསལ་བྱས་ཏེ་སུའི་གང་བྱེད་དགོས་མིན་དང། དུས་ཚོད་དང་ཇི་ལྟར་གནང་དགོས་མིན་ཚང་མ་དབྱེ་འབྱེད་བྱས་ཏེ་དེའི་ནང་ནས་ཁག་གཅིག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ཀྱིས་གནང་དགོས་རྒྱུ་དེ་འདྲ་ཡོང་གི་རེད། དེ་དག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མཉམ་གྲོས་བསྡུར་ཞུས་ཏེ་ལག་བསྟར་བྱེད་ཆེད་འབད་བརྩོན་ལྷོད་མེད་ཞུ་གི་ཡིན། ཞེས་དམ་བཅའ་བརྟན་པོ་ཡོད། དེ་བཞིན་ཚོགས་ཆེན་འདིའི་ཐོག་ལ་སླར་ཡང་ཐུགས་འཚབ་མ་གནང་རོགས་གནང། ཚོགས་ཆེན་འདིར་རྣམ་པ་ཚོ་རྒྱང་ཐག་རིང་པོ་ནས་ཕེབས་ཏེ་དུས་ཚོད་མང་པོ་ཞིག་བཏང་ནས་གྲུབ་འབྲས་ཐོན་པའི་རྒྱབ་གཉེར་སྙན་ཐོ་འདི་ལག་ལེན་མ་བསྟར་བར་འདི་ལྟར་འཇོག་རྒྱུའི་གནས་སྟངས་ཤིག་རྩ་བ་ནས་ཆགས་ཀྱི་མ་རེད། ཐུགས་དོགས་མ་གནང་རོགས་ཞེས་ནན་ཏན་ཞུ་འདོད་བྱུང། ལག་བསྟར་བྱ་རྒྱུའི་ནང་ནས་འཛིན་སྐྱོང་བཀའ་ཤག་དང། སྤྱི་འཐུས་ལྷན་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གནང་དགོས་རྒྱུ་ཡོང་གི་རེད། དེ་བཞིན་བོད་མི་རིགས་ཤིག་ཡིན་པའི་ཆ་ནས་བོད་མི་རེ་ངོ་རེའི་ངོས་ནས་ལག་བསྟར་གནང་དགོས་རྒྱུ་ཏན་ཏན་ཡོང་གི་རེད། ཁྱེད་རང་ཚོ་འདིར་ཕེབས་མཁན་ཚོས་ཚོར་ཤུགས་དང་སེམས་ཚོར་ཆེན་པོའི་སྒོ་ནས་བགྲོ་གླེང་ནང་ཆ་ཤས་བླངས་ཡོད། བགྲོ་གླེང་གི་ནང་ཆ་ཤས་བླངས་པ་ལྟར།
དེ་རིང་ཚོགས་འདུ་འདི་མཇུག་བསྒྲིལ་ཏེ་སོ་སོའི་ས་གནས་ལ་ལོག་སྐབས། མི་མང་ལ་འདིའི་གནད་དོན་ཆ་ཚང་བ་ཞིག་གསལ་བཤད་དགོས་རྒྱུ་གལ་ཆེན་པོ་རེད། དེ་བཞིན་མི་མང་ནང་སེམས་ཤུགས་སྤར་རྒྱུའི་ལས་འགན་འདི་རྣམ་པ་ཚོ་འདིར་སྐུ་ཚབ་བྱས་ཏེ་ཕེབས་པར་བརྟེན། རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་ཡིན་ན་ས་གནས་འགོ་འཛིན་དང། ས་གནས་འཐུས་ཚོགས་ཀྱི་ཚོགས་མི། ཡང་ན་མི་མང་གི་སྐུ་ཚབ། རང་བདེན་ཚོགས་ཆུག་གི་ཚོགས་མི་བཅས་ལྷན་འཛོམས་ཐོག་ནས་མང་ཚོགས་ལ་གསལ་བཤད་གནང་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད། འདིའི་སྔོན་ལ་གྲོས་ཚོགས་ནང་དང་ད་ལྟ་ཡིན་ནའང་རེད། འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གང་གནང་ཡོད་པ་དྲ་རྒྱའི་བརྒྱུད་ལམ་ཐོག་ནས་མང་པོ་ཞིག་མཁྱེན་ཀྱི་རེད་ལ། གྲོས་ཚོགས་ཀྱི་བརྒྱུད་ལམ་ཐོག་ནས་མང་པོ་ཞིག་མཁྱེན་རྒྱུ་ཡོད། ད་རེས་ཚོགས་ཆེན་འདིའི་བརྒྱུད་ནས་འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གང་གནང་ཡོད་པ་དེ་དག་གང་ལ་གང་ཙམ་གསལ་པོ་ཆགས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ད་བར་ལས་ཀ་གང་བྱེད་པ་དེ་དག་ཀྱང་གསལ་པོ་མཁྱེན་གྱི་ཡོད་ཤག་ལ་ངོས་འཛིན་ཞུས་ཀྱི་ཡོད། འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབར་ལས་བགོས་བྱེད་སྐབས། སྤྱི་འཐུས་ལྷན་ཚོགས་ཀྱིས་མི་མང་གི་ལས་འགུལ་དང་འབྲེལ་བ་ཡོད་པའི་སྣེ་ཁྲིད་རྒྱུའི་འགན་འཁྱེར་གྱི་ཡོད། དེ་བཞིན་གཞུང་དང་། གཞུང་འཛིན། གྲོས་ཚོགས་འཐུས་མི་དང་འབྲེལ་བ་བྱེད་རྒྱུ་དེ་གང་ཐུབ་གཉིས་ཀའི་བྱེད་ཀྱི་ཡོད། གཞུང་དང་གཞུང་འཛིན་དེ་དག་ལ་འབྲེལ་བ་བྱེད་རྒྱུ་མང་ཆེ་བ་ཞིག་འཛིན་སྐྱོང་བཀའ་ཤག་གི་གནང་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་ཁྲིད་པའི་ན་ནིང་མི་མང་གི་ལས་འགུལ་ཚགས་ཚུད། མི་མང་གི་འདོད་བློ་ཁེངས་པའི་གནས་ཚུལ་ཡང་བྱུང་ཡོད། ལྷག་པར་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོར་འབྲེལ་བ་ཞུ་རྒྱུའི་འགན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད། དེར་བརྟེན་ཚོགས་གཙོ་དང་སྤྱི་འཐུས་རྣམ་པ་ཚོས་རྒྱལ་སྤྱི་སྤྱི་ཚོགས་ལ་ཞུ་གཏུག་བྱ་རྒྱུའི་ལས་འགུལ་རིམ་པ་ཁག་གཅིག་སྤེལ་ཡོད།
དེ་བཞིན་ལྡི་ལིར་རྟེན་གཞི་བྱས་པའི་ཕྱི་རྒྱལ་གཞུང་ཚབ་ཁག་ཚོ་ལའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚར་ལྔ་དྲུག་བོད་ནང་གི་ཛ་དྲག་གནས་སྟངས་ཆེད་བཅར་བ་རེད། དེ་ཚོ་ལས་འགུལ་ཧ་ཅང་གལ་ཆེན་པོ་ཞིག་ལ་རྩིས་ཀྱི་ཡོད། གང་ཡིན་ཞེ་ན། བོད་པའི་གནད་དོན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་མཁྱེན་རྒྱུའི་ལམ་གཙོ་བོ་གཉིས་རེད། གཅིག་རྒྱ་ནག་ནང་རྟེན་གཞི་བྱས་པའི་གཞུང་ཚབ་དེ་ཚོ་རེད། གཉིས་པ་རྒྱ་གར་ལ་རྟེན་གཞི་བྱས་པའི་གཞུང་ཚབ་དེ་ཚོ་རེད། དེ་གཉིས་ཀྱི་བརྒྱུད་ནས་རྒྱལ་ཁབ་སོ་སོས་བོད་དོན་གྱི་ཐོག་སྲིད་བྱུས་འཛིན་རྒྱུའི་གཞི་རྩ་གཙོ་བོ་འདི་ལྟར་ཆགས་ཡོད། ད་ལོ་ཕྱི་ཟླ་ ༤ པའི་ཟླ་མཇུག་ལ་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་འཁྱེར་བའི་ཐོག་ནས་གོ་སྒྲིག་བྱེད་ཐུབ་པ་བྱུང་ཡོད། དེའི་རྗེས་འབྲེལ་གྱི་ཁ་སེང་ཉེ་ཆར་ང་ཧོ་ལེན་ཌིར་ཕྱིན་ཏེ་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་དང་འབྲེལ་མཐུད་ཁང་དེའི་ནང་ལས་དོན་ཚོགས་ཆུང་ཞིག་ཡོད་པ། ཁོང་ཚོའི་མཉམ་གྲོས་བསྡུར་བྱས་ཏེ་ཡུ་རོབ་ལྟ་བུ་ཞིག་ན། བཀའ་སྤྱི་གཉིས་ཐུན་མོང་གི་ད་ལྟ་ནས་རྩིས་པའི་ཟླ་བ་ལྔ་དྲུག་གི་ལས་རིམ་བང་སྒྲིག་ཡོད། ཅེས་ཞུས་འདོད་བྱུང། ཚོགས་བཅར་བ་གཅིག་གིས་དེ་རིང་སྔ་དྲོ་ང་ལ་གསུངས་བྱུང། འདི་ཕལ་ཆེར་འོས་པོ་ལྟ་བུ་མཐོང་བྱུང། རྩ་བའི་རྒྱབ་གཉེར་སྙན་ཐོའི་ནང་དོན་ཚན་ཧ་ཅང་མང་པོ་ཡོད། འོན་ཀྱང་ལས་དོན་བྱེ་བྲག་པའི་སྐོར་ཕྲན་བུ་དཀོན་པོ་འདུག
དེར་བརྟེན་མང་ཚོགས་ཀྱི་ངོས་ནས་བཀའ་སྤྱི་གཉིས་ཀྱི་ལམ་སྟོན་ཞིག་མར་ཕེབས་ཀྱི་རེད་བསམ་པའི་རེ་བ་དང། དེ་རིང་ཚོགས་ཆེན་འདིའི་ཐོག་ནས་བཀའ་སྤྱི་གཉིས་ཀྱི་རེ་བ་དེ་མང་ཚོགས་ཀྱི་ངོས་ནས་བསམ་བློ་གསར་པ་གང་ཡོད་པ་དེ་ཡོང་གི་རེད་བསམ་པའི་རེ་བ་ཤུགས་ཆེན་པོ་ཞིག་བསྐྱོན་པ་རེད། ཡིན་ནའང་ང་རང་ཚོའི་སྤྱི་ཚོགས་ནང་འགན་འཁྱེར་མཁན་ཆ་ཚང་འཛོམས་ཏེ་གོ་བསྡུར་ཞུས་ནས་ད་ལྟ་རྒྱབ་གཉེར་སྙན་ཐོ་གང་ཡོད་པ་ཐོན་ཡོད། དེ་མ་ཡིན་པའི་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ནས་གནང་རྒྱུའི་འཆར་གཞི་དེ་འདྲ་ཡང་ཡོད། ད་ལྟའི་རྒྱབ་གཉེར་སྙན་ཐོའི་ནང་ལག་བསྟར་བྱ་རྒྱུའི་གནས་སྟངས་དེ་དག་གོང་དུ་ཞུས་པ་ལྟར་ཡིན། ཁ་སེང་ངས་གྲོས་ཚོགས་ལ་ཞུས་པ་ཡིན། གང་ལྟར་ང་ཚོའི་ཁ་གཏད་རྒྱ་ནག་ཆགས་ཡོད། འདིར་ཚོགས་བཅར་བ་མང་ཆེ་བ་ཞིག་དུས་རྒྱུན་ནས་ཆབ་སྲིད་ཀྱི་ཐོག་དོ་སྣང་གནང་མཁན་ཞིག་ཡིན་པར་བརྟེན། རྒྱ་ནག་ནང་འགྱུར་འགྲོས་གང་འདྲ་ཞིག་འགྲོ་གི་ཡོད་མེད། བོད་ནང་གི་ཛ་དྲག་གནས་སྟངས། རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་འགྱུར་འགྲོས་གང་འདྲ་འགྲོ་གི་ཡོད་མེད། ལྷག་པར་འདས་པའི་ལོ་བཅུ་བཅོ་ལྔའི་ནང་རྒྱ་ནག་གཞུང་གི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབྲེལ་བ་བྱེད་སྟངས། འབྲེལ་བ་བྱེད་སྟངས་དེའི་ཐོག་ནས་དེང་སང་རྒྱ་ནག་གི་དམག་དང། དཔལ་འབྱོར། ཆབ་སྲིད་སོགས་མང་པོ་ཞིག་གི་ཐོག་ནས་ཡར་རྒྱས་འགྲོ་བཞིན་ཡོད་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་མང་པོ་ཞིག་རྒྱ་ནག་ལ་མ་བསྟུན་རང་བསྟུན་སོགས་ཀྱི་གནས་སྟངས་འོག་ནས་སྐབས་རེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་སྐབས་རེད།
དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ལས་ཀྱི་སྣེ་མོ་བ་ཕྱི་རྒྱལ་ལ་ཕེབས་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ལས་འགུལ་སྤེལ་བའི་སྐབས་གནས་སྟངས་གང་ཞིག་མཐོང་གི་འདུག་ཅེ་ན། རྒྱ་ནག་གཞུང་ནས་དྭངང་འཚབ་ཆེན་པོ་ཡོད་པ་རང་བཞིན་གྱིས་གསལ་གྱི་འདུག ད་ལྟའི་རྒྱ་ནག་གི་འགོ་ཁྲིད་འགྱུར་བ་ཐེབས་རྒྱུའི་གནས་སྟངས་ཐོག་ནས་ཡིན་ནའང་། གནས་ཚུལ་མང་པོ་ཞིག་ད་ལྟའང་ཁ་གསལ་མེད་པར་ལྷག་ཡོད། དེ་ཚོའི་འགྱུར་འགྲོས་མང་པོ་ཞིག་ལ་བལྟས་ཏེ་རྒྱ་ནག་གི་རྒྱལ་སྤྱིའི་ནང་འབྲེལ་བ་བྱེད་སྟངས་དང་གནོན་ཤུགས་སྤྲོད་སྟངས། ལས་འགུལ་སྤེལ་སྟངས་སོགས་གང་འདྲ་སྤེལ་དགོས་ཀྱི་ཡོད་མེད་གཞི་བཞག་སྟེ་ང་རང་ཚོ་ལས་འགུལ་སྤེལ་རྒྱུར་ཡང་ཐབས་བྱུས་ལྡན་པའི་ཐོག་ནས་དེ་ཚོར་བསྟུན་ཏེ་ནུས་ལྡན་གྱི་ལས་འགུལ་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་སྔ་ཡང་ཞུས་པ་ཡིན་ལ་ད་ལྟ་ཡང་ཞུ་རྒྱུར་བཀའ་སྤྱི་གཉིས་ནས་གང་ཐུབ་འབད་བརྩོན་ཞུ་རྒྱུ་དེ་སྨྲོས་མེད་རེད། ཅེས་ཞུ་རྒྱུ་ཡིན། ཁ་སེང་ད་ལྟའི་གནས་ཚུལ་ཐོན་སྟངས་ལ་བལྟས་ན། བོད་ནང་གནས་ཚུལ་ཛ་དྲག་ཇེ་ཆེར་འགྲོ་གི་ཡོད་པ་དེ་ཚོ་རྒྱལ་སྤྱིའི་སྤྱི་ཚོགས་ནང་དོ་སྣང་ཤུགས་ཆེ་རུ་འགྲོ་གི་ཡོད་པའི་གནས་སྟངས་ཤིག་མཐོང་གི་འདུག ད་དུང་འདི་ལས་ཤུགས་ཆེ་ཙམ་ང་ཚོའི་མི་མང་གིས་འགན་འཁྱེར་ཏེ་གཞུང་མང་གཉིས་ཀྱི་ཐོག་ནས་འགན་འཁྱེར་ཏེ་ལས་འགུལ་སྤེལ་རྒྱུ་དེ་ཧ་ཅང་གལ་ཆེན་ཆགས་ཡོད། དེ་རིང་གི་ཚོགས་ཆེན་འདིའི་ནང་ཕེབས་ཏེ་ཁག་གཅིག་གི་དོན་དག་བསྒྲུབ་སོང་བསམ་པ་དང་། ཁག་གཅིག་གི་དོན་དག་བསྒྲུབ་མ་སོང་བསམ་པའི་གནད་དོན་ཏན་ཏན་ཡོང་སྲིད་པ་རེད། མཐའ་གཅིག་ཏུ་ཚང་མས་འདོད་བློ་ཁེངས་པ་ཞིག་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། འོན་ཀྱང་བོད་སྤྱི་པའི་རྩ་དོན་གྱི་ཐོག་བཀའ་མོལ་ཞུས་པ་ཙམ་མིན་པར་ང་ཚོ་ནང་ཁུལ་ཚོགས་ཆེན་འདི་ལྟ་བུ་ཚོགས་སྐབས་སྔོན་མ་ངོ་ཤེས་པ་དེ་དག་ལ་འབྲེལ་བ་སླར་གསོ་བྱེད་རྒྱུ་དང། ཚོགས་ཆེན་འདི་ལྟ༌བུ་བརྒྱུད་ནས་སྔོན་མ་ངོ་མ་ཤེས་པ་དེ་དག་ངོ་ཤེས་གསར་པ་བཟོ་རྒྱུ། དེ་བཞིན་ཕྱི་རྒྱལ་ནས་ཕེབས་མཁན་དང་རྒྱ་བལ་འབྲུག་གསུམ་གྱི་ནང་སྡོད་མཁན་དབར་ཕན་ཚུན་གྱི་གནས་ཚུལ་བརྗེ་ལེན་བྱས་པའི་ཐོག་ནས་གནས་ཚུལ་རྒྱུས་ལེན་ཡོང་རྒྱུའི་ཁེ་ཕན་མང་པོ་ཡོད། ཁྱེད་རང་ཚོ་ཚོགས་ཆུང་ཆ་བགོས་བྱེད་སྐབས། ཕན་ཚུན་འབྲེལ་བ་རྒྱས་པ་ཞིག་ཡོང་གི་ཡོད། འབྲེལ་བ་དེ་ཚོ་མུ་མཐུད་གནས་པའི་ཐོག་ནས་མ་འོངས་པར་འཛམ་གླིང་གི་ས་གནས་གང་དུའང་གནས་ཚུལ་གང་འདྲ་ཞིག་བྱུང་ན། ཕན་ཚུན་འབྲེལ་ལམ་གྱི་ཐོག་ནས་ནུས་པ་མཉམ་སྤུངས་བྱེད་དགོས་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་ཅེས་ཞུ་རྒྱུ་དང། གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་ལྟར།
དེ་རིང་ང་ཚོའི་དམིགས་བསལ་ཚོགས་ཆེན་འདིའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་འབྱུང་གཞིའི་གནས་ཚུལ་ཐོག་གྲོས་ཆོད་ཟུར་དུ་བཞག་ཐུབ་པ་དེ་གཟི་བརྗིད་རེད་བསམས་ཀྱི་ཡོད། ཚོགས་བཅར་བ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་གསལ་པོ་བཟོ་རྒྱུ་ཞིག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་འབྱུང་གཞི་དེ་ཁ་སང་ཞུས་པ་ཡིན་ལ་དེ་རིང་བསྐྱར་ནན་བྱས་ཏེ་ཞུ་རྒྱུ་ནི་སྒྲིག་འཛུགས་དང་མི་སྒེར་ཁ་ཤས་ཤིག་གིས་༸གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་མེད་པ་བཟོས་པ་རེད་ཅེས་པའི་གནད་དོན་འདི་དང་འབྲེལ་བའི་ཐོག་ནས་ཡོང་བ་ཞིག་རེད། དེ་དང་ཡང་གནད་དོན་གཞན་ཁག་དབུ་མ་དང་རང་བཙན་གྱི་ཐོག་འབྲེལ་བ་བཏགས་ནས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་གཞི་རིམ་གྱི་མི་མང་ནང་བསམ་ཚུལ་མང་པོ་ཡོང་གི་ཡོད་པའི་གནས་ཚུལ་གོ་གི་འདུག དེར་སེམས་འཚབ་ཆེན་པོ་ཞིག་ཡོང་གི་འདུག རང་བཙན་རྩོད་མཁན་ཚོ་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཡོད། དེ་སུ་ཞིག་གིས་འཕྲོག་ཐུབ་ཐབས་མེད། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པ་ཤོད་རྒྱུ་ཡོད་ལ། ལོ་རྒྱུས་ཀྱི་ཆ་ཤས་མང་པོ་ཞིག་གི་ནང་བོད་རང་བཙན་ཞེས་ཤོད་སྐབས། བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་ཚུད་ཀྱི་ཡོད་མེད་ཀྱི་གནས་སྟངས་མང་པོ་ཞིག་ཡོད། དབུ་མ་དང་རང་བཙན་གྱི་དབར་དགེ་སྐྱོན་གྱི་གནས་བབ་འགྲེལ་བཤད་མང་པོ་ཞིག་རྒྱག་རྒྱུ་ཡོད། རང་བཙན་རྩོད་མཁན་ཚོ་ཡིན་ནའང་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཡོད། འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལངས་ཕྱོགས་དེ་དབུ་མའི་ལམ་གྱི་ཐོག་ནས་འགྲོ་རྒྱུ་མུ་མཐུད་གནས་ཡོད། དེར་བསྐྱར་ཞིབ་བྱེད་རྒྱུ་དང་འགྱུར་བ་གཏོང་རྒྱུའི་བསམ་ཚུལ་ད་བར་མེད་པ་རེད། མ་འོངས་པར་ཡོང་བ་ཡིན་ནའང་བརྒྱུད་རིམ་ཞིག་གི་ཐོག་ནས་འགྲོ་དགོས་རྒྱུ་ཞིག་རེད་མ་གཏོགས་ལམ་སེང་གཏོང་ཆོག་ཆོག་གི་གནས་སྟངས་ཆགས་ཀྱི་མེད། ལངས་ཕྱོགས་མི་འདྲ་བ་ཡོན་ནའང། ང་རང་ཚོ་ནང་ཁུལ་འཆམ་མཐུན་གྱི་སྒོ་ནས་ནུས་མཉམ་སྤུངས་བྱེད་རྒྱུ་གལ་ཆེན་པོ་རེད། རྟག་པར་དབུ་མ་དང་རང་བཙན་གྱི་ཐོག་རྩོད་པ་བྱས་ཏེ་དུས་ཚོད་ཆུད་ཟོས་སུ་བཏང་ན། སྤྱི་པའི་རྩ་དོན་ལ་ག་ཚོད་ཀྱི་ཐུགས་ཕན་གསོ་གི་ཡོད་མེད་ཚང་མས་མཁྱེན་གསལ་རེད། དེར་བརྟེན་གཞིས་ལུས་མི་མང་ནང་བསམ་ཚུལ་ཡོད་པ་དེ་དག་ཁྱེད་རང་ཚོ་སོ་སོའི་ས་གནས་སུ་ཕེབས་རྗེས། གནས་ཚུལ་དེ་ལྟར་རེད་ཅེས་གསལ་བཤད་གནང་ཐུབ་པ་ཡིན་ན། ཐུགས་ངལ་གསོལ་གྱི་རེད་བསམ་གྱི་འདུག དེ་རིང་དམིགས་བསལ་ཚོགས་ཆེན་མ་ཚོགས་གོང་ལ་གྲོས་ཚོགས་ཉིན་མཐའ་མའི་ཉིན་མོར་དང་སློབ་ནས་འབུམ་ཚོགས་དང་སྦྲགས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གོ་སྐབས་ཤིག་བྱུང་ཡོད་པ་རེད་ལ།
དེ་རིང་སྔ་དྲོ་བཀའ་ཤག་གི་གོ་སྒྲིག་འོག་༸གོང་ས་མཆོག་ལ་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་རྣམ་པ་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་ཡོངས་རྫོགས་འཛོམས་ཏེ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་བ་དེ་གཟི་བརྗིད་དང་ལྡན་པ་ཞིག་བྱུང་སོང། དེར་བརྟེན་བཀའ་ཤག་གི་ད་རེས་གོ་སྒྲིག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པ་ཡིན་རུང་ད་ལྟའི་བླ་ཆེན་རྣམ་པ་ཚོ་དང་༸གོང་ས་མཆོག་ལྷན་འཛོམས་ཡང་ནས་ཡང་དུ་ཡོངརྒྱུའི་ང་ཚོས་སྨོན་འདུན་ཞུ་ཆོག་གི་རེད། འོན་ཀྱང་བླ་ཆེན་རྣམ་པ་ཚོའི་སྐུ་གཟུགས་ཀྱི་བབ་རེད། གནས་སྟངས་མང་པོ་ཞིག་དབང་གིས་དེ་ལྟ་བུ་ཡང་ཡང་ཚང་འཛོམས་ཐུབ་རྒྱུའི་གནས་སྟངས་དཀོན་པོ་ཆགས་ཀྱི་མེད་དམ་སྙམ་གྱི་འདུག ང་ཚོ་ཚོགས་བཅར་བ་ཚོ་ཡིན་རུང་སྐལ་པོ་བཟང་པོར་ངོས་འཛིན་བྱས་ན་འགྲིག་རེད་བསམ་གྱི་ཡོད། བསོད་ནམས་གང་ཙམ་ཞིག་ཡོད་པ་རེད་མ་གཏོགས་༸གོང་ས་མཆོག་དབུ་བཞུགས་ཐོག་བླ༌ཆེན་རྣམ་པ་ཚང་འཛོམས་ཐོག་བརྟན་བཞུགས་བསྟར་འབུལ་རེད། དེ་བཞིན་སང་ཉིན་མཆོད་འབུལ་སྨོན་ལམ་གྱི་ལས་རིམ་དེ་འདྲ་ཡང་ནས་ཡང་དུ་ཡོང་རྒྱུ་ཕྲན་བུ་ཁག་པོ་ཆགས་ཀྱི་རེད། ཅེས་བསམས་ཀྱི་ཡོད། དེར་བརྟེན་དེ་རིང་འདིར་ཚང་མས་འཛོམས་ཐུབ་པ་དེ་ཧ་ཅང་ཡག་པོ་བྱུང་སོང། དེ་རིང་ནས་དམིགས་བསལ་ཚོགས་ཆེན་མཇུག་བསྒྲིལ་འགྲོ་གི་ཡོད། དེ་རིང་ང་ཚོ་ཚང་མ་འདི་གར་འཛོམས་ཡོད་སྟབས། དམིགས་བསལ་གྱི་ལས་རིམ་ཞིག་བསྒྲིགས་ཏེ་སང་ཉིན་ཆུ་ཚོད་ ༨ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བླ་ཆེན་རྣམ་པ་ཚོ་དབུ་བཞུགས་ཐོག་མཆོད་འབུལ་སྨོན་ལམ་བྱ་རྒྱུའི་སྐལ་བཟང་གི་དུས་ཚོད་ཅིག་ཡོང་གི་ཡོད། དེ་རྗེས་སང་ཉིན་ལས་འགུལ་གྱི་ངོ་བོའི་ཐོག་ནས་སྲིད་སྐྱོང་གིས་གསུང་བཤད་གནང་གི་རེད།
ཕྱིའི་རྒྱལ་ཁབ་ཁག་ ༢༦ ནས་ཕེབས་པའི་བོད་རིགས་ཡུལ་ལུང་སོ་སོའི་སྐད་ཡིག་ཐོག་ནས་གསུང་བཤད་གནང་རྒྱུའི་དམིགས་བསལ་ལས་རིམ་ཞིག་བང་བསྒྲིགས་ཡོད། དེར་བརྟེན་ནུབ་ཕྱོགས་རྒྱལ་ཁག་ནས་ཕེབས་པའི་བོད་རིགས་ཚོགས་པའི་སྐུ་ཚབ་དང་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ། དང་བླང་བ་ཡིན་ནའང་འདྲ། སོ་སོའི་ཡུལ་སྐད་ནང་གསུང་བཤད་གནང་རྒྱུའི་གོ་སྐབས་ཡོང་གི་རེད། ང་ཚོ་དེ་རིང་ཚོགས་ཆེན་དང་སང་ཉིན་གྱི་ལས་འགུལ་སྤེལ་རྗེས་སོ་སོའི་ས་གནས་སུ་ལོག་འགྲོ་རྒྱུ་རེད། སོ་སོའི་ས་གནས་སུ་ལས་འགུལ་སྤེལ་སྐབས། ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་ཆབ་སྲིད་ཀྱི་ལས་དོན་ལྟ་བུ་ཡིན་ན། ས་གནས་འགོ་འཛིན་གྱིས་མཉམ་ཞུགས་དང་སྣེ་མ་ཁྲིད་པ་ལྟ་བུ་ཡིན་ན། མི་མང་མཉམ་ཞུགས་བྱ་རྒྱུར་རང་བཞིན་གྱིས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད་ལ་འགྲོ་སོང་གཏོང་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད། དེར་བརྟེན་དེ་སྔའི་ང་ཚོའི་འཛིན་བཀའ་ཤག་ལ་འབོད་སྐུལ་ཞུས་ཡོད། ཆབ་སྲིད་ཀྱི་ལས་འགུལ་དང་ལྷག་པར་དེང་སང་གི་དུས་ཚོད་འདིའི་ནང་ང་ཚོས་གནས་ཚུལ་སྤེལ་རེས་བྱ་རྒྱུ། ཁྱབ་བསྒྲགས་གཏོང་རྒྱུ་དེ་དག་དྲ་རྒྱའི་བརྒྱུད་ལམ་མྱུར་ཚད་ཧ་ཅང་མཐོ་པོར་སླེབས་ཡོད། སྐབས་རེ་དྲ་ལམ་དེ་འདྲ་བེད་སྤྱོད་བཏང་སྟེ་ང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་ཡོང་རྒྱུའི་གཞི་དེ་འདྲ་ཆགས་ཀྱི་ཡོད། ཉེ་ཆར་ང་ཚོ་ལྷོ་ཕྱོགས་ལ་དཀའ་ངལ་འཕྲད་གཞི་ཆགས་པའི་གནས་ཚུལ་དེ་དག་ཛ་དྲག་གི་གནས་ཚུལ་རེད། དེར་བརྟེན་དུས་རྒྱུན་དུ་ནས་ང་ཚོས་ཡུལ་མི་ཚོ་མཉམ་དུ་འཆམ་མཐུན་བྱེད་དགོས་པ་དང་ཡུལ་མིའི་བསམ་བློར་དོ་ཕོག་དང་གནོད་གཞི་འགྲོ་རྒྱུའི་ལས་ཀ་དེ་འདྲ་རྩ་བ་ཉིད་ནས་མ་རྩོམ་རོགས་ཞུ་རྒྱུ་ཡིན། དེ་རིང་གོ་སྐབས་འདི་བཟུང་སྟེ་ང་ཚོ་བོད་པའི་ཚོའི་ཁྱིམ་ཚང་ནང་ལོ་ན་མ་སོན་པའི་རྒྱ་གར་གྱི་ཕྲུ་གུ་དེ་འདྲ་གཡོག་ལ་ཉར་ཡོད་ན། དེ་དག་གྲས་རྒྱལ་སྤྱིའི་ནང་སྐད་ཆ་ཆགས་ཀྱི་ཡོད་ལ། ང་ཚོ་སྤྱི་ཚོགས་ནང་ལ་སྐད་ཆ་ཆགས་ཀྱི་རེད། དེ་ལྟ་བུའི་རྒྱུ་མཚན་ལ་བརྟེན་ནས་ཡུལ་མི་མཉམ་དུ་འཆམ་མི་འཆམ་པའི་རྒྱུ་ཆགས་མི་སྲིད་པ་མིན། རྣམ་པ་ཚོ་ས་གནས་་སོ་སོར་ཕེབས་ཏེ་གལ་སྲིད་སོ་སོའི་ས་ཁུལ་ལ་དེ་རིགས་ཡོད་ན། ཁྲིམས་འགལ་ཆགས་ཀྱི་ཡོད་པས་བཀག་སྡོམ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་དང་ལྷན་བཀའ་བློན་ཁྲི་པའི་མཚན་གནས་སྲིད་སྐྱོང་ལ་བསྒྱུར་བ་བཏང་བའི་གནས་སྟངས་དེ་ང་ཚོས་གཞི་ནས་བེད་སྤྱོད་གཏོང་རྒྱུར་གོམས་དགོས་ཀྱི་ཡོད། མཚམས་ངའི་ཁ་ནས་ཀྱང་བཀའ་བློན་ཁྲི་པ་ཞེས་ཤོར་ཀྱི་འདུག དེར་བརྟེན་ད་རེས་ཀྱི་ཚོགས་ཆེན་འདིར་ང་ཚོས་སྲིད་སྐྱོང་ཞེས་བེད་སྤྱོད་གཏོང་རྒྱུའི་འགོ་ཚུགས་ཡོད།
རྣམ་པ་ཚོ་ས་གནས་ལ་ཕེབས་སྐབས། མ་འོངས་པར་སྲིད་སྐྱོང་ཞེས་པའི་ཐ་སྙད་དེ་ཡོངས་ཁྱབ་ཏུ་བེད་སྤྱོད་གནང་ཐུབ་པའི་འབད་བརྩོན་གནང་དགོས་ཀྱི་རེད། ཁ་སེང་ངས་གྲོས་ཚོགས་ཀྱི་མཇུག་སྡོམ་གཏམ་བཤད་ནང་བཤད་ཡོད། སྤྱི་འཐུས་རྣམ་པ་ཚོ་ཚང་མ་དེ་རིང་འདི་ནས་ཕེབས་རྗེས་ལྷོད་ལྷོད་ཡིན་བསམས་པ་ཐུགས་ལ་མི་དྲན་རོགས་གནང། དམིགས་བསལ་ཚོགས་ཆེན་ཚོགས་ཀྱི་ཡོད། ལས་འགུལ་རབ་དང་རིམ་པ་མང་དག་ཅིག་སྤེལ་གྱི་རེད། སྤྱི་འཐུས་རྣམ་པ་ཚོ་མི་མང་གི་འཐུས་མི་ཡིན་པར་བརྟེན་ལས་འགུལ་གྱི་སྣེ་ཁྲིད་དགོས་ཀྱི་ཡོད། དེར་བརྟེན་དུས་ཚོད་རྒྱ་བཅས་ཤིག་སོ་སོས་གཏོང་དགོས་ཡོད་བསམ་པ་ཞིག་ཆོད་སེམས་བརྟན་པོའི་ཐོག་ནས་ལོག་དགོས་རྒྱུ་དང་ལས་འགུལ་འགོ་རྩོམ་སྐབས། སྣེ་ཁྲིད་དང་མཉམ་ཞུགས་བྱ་རྒྱུ་ཡིན་ནའང་འདྲ། དེ་དག་གྲས་དེ་ཧུར་ཐག་འབད་ཐག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་ཚོགས་བཅར་བ་ཚང་མ་ཆེ་ཆུང་ལ་མ་ལྟོས་པར་བོད་མིའི་སྤྱི་ཚོགས་ཀྱི་འགོ་ཁྲིད་མཁན་ཞིག་ཆགས་ཡོད་སྟབས། ཁྱེད་རང་ཚོའི་ངོས་ནས་གཞེན་བསྐུལ་ཞུ་རྒྱུ་རེད། མི་མང་ལ་སེམས་འགུལ་ཐེབས་རྒྱུ་རེད། སོ་སོས་སྣེ་ཁྲིད་དང་མཉམ་ཞུགས་བྱ་རྒྱུ་དེ་དག་ཐོག་ཆད་ལྷག་མེད་པར་ཚང་མས་ཧུར་ཐག་འབད་ཐག་གནང་རོགས་ཞེས་ཚོགས་ཆེན་འདི་བརྒྱུད་ནས་འབོད་སྐུལ་ཞུ་གི་ཡོད། ཚང་མས་དེ་ལྟར་གནང་རྒྱུའི་རེ་བ་ཡང་ཞུ་བཞིན་ཡོད། མཐའ་དོན་དེ་རིང་སྔ་དྲོ་ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ལྟར། ༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་ཆེད་བླ་སློབ་ཀྱི་འབྲེལ་བ་དང་། ང་ཚོ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཆགས་ཡོད། དེར་བརྟེན་༸གོང་ས་མཆོག་གི་དགོངས་གཞི་གང་ཡོད་པ་དེ་དག་འགྲུབ་པར་ང་ཚོས་འབད་བརྩོན་མ་བྱས་ན། ཡོང་རྒྱུ་མེད་པ་དེ་ཧ་ཅང་གསལ་པོ་རེད། ༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་བོད་གཞིས་བྱེས་གཉིས་མཉམ་འཛོམས་མྱུར་དུ་ཡོང་རྒྱུའི་སྨོན་ལམ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ཡོད། །