༢༠༡༢ ཟླ་ ༩ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༩ ཉིན་འདི་གར་སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ཆོས་སྐྱབས་པ་ལགས་ཀྱིས་ཇར་མན་ German ནས་བཏང་གནས་ནང་འཁོད་དོན། ཇར་མན་གྲོས་ཚོགས་འཐུས་མི་ཁག་གཅིག་ནས་ཉེ་ལམ་རྒྱ་ནག་གཞུང་གིས་བོད་པའི་བུ་མོ་འཇིགས་མེད་སྒྲོལ་མ་རང་ལོ་ ༡༧ སོན་པ་ཁོང་འཛིན་བཟུང་བཀག་ཉར་བྱས་པའི་གནད་དོན་དེ་བཞིན་རིང་མིན་ཇར་མན་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་ཚོགས་ཆེན་སྐབས་རྒྱ་ནག་དཔོན་རིགས་ཚོ་དང་གླེང་རྒྱུའི་ཁས་ལེན་གནང་ཡོད། བུ་མོ་འཇིགས་མེད་སྒྲོལ་མ་ལགས་ཀྱིས་ཟླ་ཤས་སྔོན་ཁམས་དཀར་མཛེའི་ཁྲོམ་གཞུང་དུ་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། ཆབ་སྲིད་བཙོན་པ་རྣམ་གློད་བཀྲོལ་གཏོང་དགོས་པ་སོགས་བྲིས་པའི་སྦྱར་ཡིག་བཀྲམ་སྟེ་ཞི་རྒོལ་གནང་བར་རྒྱ་ནག་གཞུང་གིས་ལོ་གསུམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད།
དེ་ཡང་སྐུ་ཚབ་དོན་གཅོད་ཀྱིས་ཇར་མན་གྲོས་ཚོགས་སུ་བོད་ཀྱི་གནད་དོན་གླེང་མོལ་གནང་རྒྱུའི་བགྲོ་གླེང་ཚོགས་འདུའི་སྐབས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་མ་ཟད། ལྷག་པར་སྐུ་ཚབ་དོན་གཅོད་ནས་བུ་མོ་འཇིགས་མེད་སྒྲོལ་མས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་རྒྱ་ནག་གཞུང་ལ་ཞི་བའི་སྐད་འབོད་དང་སྦྱར་ཡིག་བཀྲམ་པའི་གནས་ཚུལ། དེ་རྗེས་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་ཉེས་རྡུང་ཤུགས་ཆེ་བཏང་སྟེ་ཁོ་མོའི་རྐང་ལག་ལ་རྨས་སྐྱོན་ཚབས་ཆེ་ཕོག་སྐོར་སོགས་ངོ་སྤྲོད་གནང་ཡོད། དེ་རྗེས་དཀར་མཛེས་མི་མང་ཁྲིམས་ཁང་ཟེར་བ་ནས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༥ ཉིན་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བུ་མོ་འཇིགས་མེད་སྒྲོལ་མར་ལོ་གསུམ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང། ད་ལྟའི་ཆར་ཁོ་མོ་གང་དུ་ཡོད་མེད་སུས་ཀྱང་ཤེས་རྟོགས་མེད་པའི་གནས་སྟངས་ཆགས་ཡོད་པ་ཞིབ་ཕྲ་ངོ་སྤྲོད་ཞུས། དེ་ཡང་ཇར་མན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གནད་དོན་དེའི་སྐོར་ཇར་མན་སྲིད་གཞུང་བརྒྱུད་རྒྱ་ནག་དཔོན་རིགས་ཚོ་དང་གླེང་རྒྱུ་ཡིན་སྐོར་ཁས་ལེན་གནང་ཡོད་པ་མ་ཟད། ཁོང་རྣམས་ནས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༥༡ རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དེར་བློ་ཕམ་དང་གདུང་སེམས་མཉམ་སྐྱེ་ཞུས་ཡོད།
སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་བོད་མིས་ ༥༡ ཁོང་རྣམས་ཀྱིས་རང་ལུས་མེར་སྲེག་བཏང་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག ཁོར་ཡུག དེ་བཞིན་བོད་མི་འབྲོག་པ་རྣམས་བཙན་དབང་འོག་ས་གནས་གཅིག་ཏུ་གནས་སྤོ་བྱེད་བཅུག་པ་སོགས་ཧ་ཅང་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ཐུག་ཡོད་པ་དང། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་མི་ཚོར་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་དེ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་སྔ་ཕྱི་མཛད་ཡོད་པ་སོགས་གསལ་བཤད་གནང་ཡོད། ཕྱོགས་མཚུངས་ཁོང་ནས་གྲོས་ཚོགས་འཐུས་མི་རྣམས་ལ་སྐུ་ཚབ་དོན་ཁང་གིས་སུད་སི་གྲོང་ཁྱེར་ཇི་ནི་ཝར་ Geneva རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་འབྲེལ་བ་བྱས་ཏེ་བོད་དོན་ལས་འགུལ་ཐོག་རྒྱབ་སྐྱོར་འཚོལ་ཐབས་བྱས་དང་བྱེད་མུས་ཡིན་པའི་གནས་ཚུལ་རྣམས་གསལ་བཤད་གནང་ཡོད་པ་བཅས།།